༉ བ་ཀུ་ ཨ་ཛེར་བའེ་ཇཱན་ལུ་སྦེ་ ཀོབ་༢༩ ཟེར་མི་ གནམ་གཤིས་འགྱུར་བའི་ གྲོས་འཛོམས་འཚོགས་པའི་སྐབས་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ ནག་རླུང་མར་ཕབ་འབད་ནི་ལུ་ གདོང་ལེན་འབད་དོ་ཡོད་མི་དང་འབྲེལ་ ནག་རྫས་ཀར་བཱོན་མེད་མི་དང་ ཀར་བཱོན་བར་གནས་ཀྱི་ རྒྱལ་ཁབ་སྡེ་ཚན་༤ གིས་ གྲོས་གནས་གསརཔ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
དེ་ཡང་ འཛམ་གླིང་ནང་ གནམ་གཤིས་དང་ལེན་ མདུན་སྐྱོད་འབད་ནི་ལུ་དམིགས་ཏེ་ གྲོས་གནས་གསརཔ་ ཇི་-ཛི་རོ་(G-ZERO) འགོ་འབྱེད་འབད་ཡོདཔ་ཨིན་པས།
ཇི་-ཛི་རོ་ གཞི་བཙུགས་འབད་མི་ འཐུས་མི་རྒྱལ་ཁབ་ཚུ་ཡང་ འབྲུག་དང་ མཌ་གེསི་ཀར་ པ་ན་མ་ དེ་ལས་ སུ་རི་ནེམ་ཚུ་ཨིནམ་བཞིན་དུ་ རྒྱལ་ཁབ་ཚུ་གིས་ ཀཱར་བོན་མེད་མི་ ཡང་ཅིན་ ཀཱར་བོན་ནེ་གི་ཊིབ་ཀྱི་ ཚད་གཞི་ཚུ་ གྲུབ་ཡོདཔ་ཨིན་པས།
རྒྱལ་ཁབ་རེ་གིས་ ཡུན་བརྟན་ལག་ལེན་ཡར་དྲག་དང་ དཔལ་འབྱོར་འདྲ་མཉམ་ལུ་གཙོ་བོ་བཏོན་མི་ དེ་ལས་ རང་བཞིན་གནས་སྟངས་ཀྱི་འགན་ཁྲི་བཏོན་མི་དང་འབྲེལ་ ནག་རླུང་མར་ཕབ་ཡོད་པའི་ སྒྲུབ་བྱེད་ཚུ་བཏོན་ཚུགས་ཡོདཔ་ཨིན་པས།
གྲོས་གནས་ཀྱི་ དམིགས་ཡུལ་གཙོ་བོ་ར་ ཀཱར་བོན་བར་གནས་དེ་ འབད་ཚུགས་པའི་ལཱ་སྐོར་རྐྱངམ་གཅིག་མེད་པར་ གནམ་གཤིས་དང་ལེན་ཡར་དྲག་གཏང་ནི་ལུ་ གོ་བ་བརྡ་སྤྲོད་དང་ རྒྱལ་སྤྱི་མཉམ་འབྲེལ་དེ་ དམིགས་བསལ་དུ་ གོང་འཕེལ་འགྱོ་བའི་བསྒང་དང་ གོང་འཕེལ་སོང་བའི་ རྒྱལ་ཁབ་ཚུ་འབད་དགོཔ་དེ་ དགོས་མཁོ་ཅན་ཅིག་ཨིནམ་སྦེ་ གསལ་སྟོན་འབད་དགོཔ་ཨིན་པས།
ཇི་-ཟི་རོ་ཟེར་མི་དེ་ རྒྱལ་ཁབ་ཀྱི་ ནག་རླུང་གི་ནུས་པ་དེ་ གནས་ཁམས་ཀྱིས་ ཧྲིལ་བུ་མེད་བཟོ་མི་ ཡང་ཅིན་ ནག་རླུང་ལས་ཚད་གཞི་ལས་ དམའ་སུ་ཡོད་མི་ལུ་ དགོ་དོ་ཡོདཔ་ཨིན་པས།
ཇི་-ཟི་རོ་ལས་རིམ་དེ་ པ་རེསི་གན་ཡིག་དང་ ཀུན་མིང་- འཛམ་གླིང་མཱོན་ཊཱལ་སྐྱེ་ལྡན་གནས་སྟངས་གཞི་བཀོད་ དེལས་ མ་འོངས་ཀྱི་ འཛམ་གླིང་འགོ་ཁྲིདཔ་ཚུ་དང་ རིམ་སྒྲིག་སྟེ་ ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལས་རིམ་འགོ་འབྱེད་འབད་བའི་སྐབས་ ཇི་-ཟི་རོ་གི་ ཐབས་བྱུས་གལ་ཅན་ཨིན་པའི་སྐོར་ལས་ བཤད་ཡོདཔ་ད་ ལས་རིམ་དེ་ རྒྱལ་རབས་ཅན་དང་ དྲན་རྟགས་ཅན་ཅིག་ཨིནམ་བཞིན་དུ་ འཛམ་གླིང་ནང་ མཉམ་འབྲེལ་སྒྲིང་སྒྲི་བཟོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
བཟོ་གྲྭ་ཁང་ཚུ་ གཞི་བཙུགས་མ་འབད་བའི་ཧེ་མར་ རྒྱལ་ཁབ་ག་ར་ལུ་ ནག་རླུང་ཀཱར་བོན་མེད་པའི་ རྗེས་ཤུལ་ཡོདཔ་ད་ ད་རེས་འབད་བ་ཅིན་ ང་བཅས་དག་པ་ཅིག་རྐྱངམ་གཅིག་ ནག་རླུང་ ཡང་ཅིན་ ནག་རླུང་བར་གནས་སྦེ་ ལུས་ཏེ་འདུག་ཟེར་ཨིན་པས།
ཇི་-ཟི་རོ་ལུ་བརྟེན་ རང་བཞིན་ཡུན་བརྟན་དང་ དཔལ་འབྱོར་དྲག་འགྱོ་ནི་ལུ་ འོས་འབབ་སྦོམ་ཡོདཔ་ད་ ཀཱར་བོན་བར་གནས་དང་ ནག་རླུང་ནི་གེ་ཊིབ་དེ་ རྟོག་མེད་ཀྱི་ ལཱ་སྐོར་ཅིག་མེན་ཟེར་ རང་བཞིན་ཐོན་སྐྱེད་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ བསམ་ཞིབ་འབད་དེ་ གདམ་ཁ་རྐྱབ་མི་ལས་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ཆུང་ཀུ་ཚུ་གིས་ དཔལ་འབྱོར་སྦོམ་ཚུ་ལུ་ མཐའ་འཁོར་གནས་སྟངས་བདག་འཛིན་འཐབ་ནི་གི་ དཔེ་སྟོན་བཟང་པོ་ཅིག་ བཏོན་དགོཔ་བཞིན་དུ་ རྒྱལ་ཁབ་ཆུང་ཀུ་ཚུ་ ཡུན་བརྟན་གོང་འཕེལ་གྱི་ འགོ་ཁྲིདཔ་ཅིག་འབད་དགོ་ཟེར་ཨིན་པས།
ཇི་-ཛི་རོ་གཞི་བཙུགས་འབད་མི་ རྒྱལ་ཁབ་འཐུས་མི་ཚུ་གིས་ ཀཱར་བོན་བར་གནས་རྒྱལ་ཁབ་ཚུ་ འཛམ་གླིང་གི་ ནག་རླུང་ཐོན་མི་ རྒྱལ་ཁབ་ཚུ་གིས་ སྣང་མེད་སྦེ་བཞག་ཡོད་པའི་ཁར་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གདོང་ལེན་བྱུང་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
འགོ་ཁྲིདཔ་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོད་པའི་ཁར་ རང་བཞིན་གྱི་ རྐྱེན་ངན་ལུ་བརྟེན་ སྐྱེ་ལྡན་གནས་སྟངས་ལུ་ ཐོ་ཕོག་ཡོདཔ་ལས་ གནད་དོན་ཚུ་ སེལ་ཐབས་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་ཚུ་ལངམ་སྦེ་ འབད་དགོ་འདུག་ཟེར་ཨིན་པས།
ཇི་-ཛི་རོ་གིས་ སྲིད་བྱུས་ཐབས་ལམ་དང་ ཁྱད་རིག་མཁས་མཆོག་ དེ་ལས་ ཡུན་བརྟན་ཐབས་བྱུས་ཚུ་ བརྗེ་སོར་འབད་ཐོག་ལས་ འཐུས་མི་ཚུ་གི་བར་ན་ ཕན་ཚུན་རྒྱབ་སྐྱོར་ཡར་དྲག་ཡང་ གཏི་ཚུགས་ནི་ཨིན་པས།
འགོ་ཁྲིདཔ་ཚུ་གིས་ གནམ་གཤིས་འགྱུར་བགྲོད་དང་ལེན་ལུ་ འཛམ་གླིང་མ་དངུལ་དང་ འཕྲུལ་རིག་གནས་སོར་ ཡར་སེང་འབད་ནི་དང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ཚུ་གི་ དབང་ཆ་དང་ ཉེན་ཁ་ཅན་གྱི་ མི་སྡེ་ཉེན་སྐྱོབ་འབད་ནི་གི་ ཀུན་ཚང་སྲིད་བྱུས་ཚུ་ དགོཔ་སྦེ་བཤད་ཡོདཔ་ཨིན་པས།
ཇི་-ཛི་རོ་དེ་ གཞི་བཙུགས་འབད་བའི་ རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་དང་ ཆེ་མཐོའི་མགྲིན་ཚབ་ དེ་ལས་ མཉམ་འབྲེལ་གཙོ་བོ་ རྒྱལ་སྤྱི་གོང་འཕེལ་ལས་རིམ་དང་ རྒྱལ་སྤྱི་རང་བཞིན་གནས་སྟངས་ལས་རིམ་ བཟའ་འཐུང་དང་སོ་ནམ་ལས་ཚོགས་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ཡིག་ཚང་ འཛམ་གླིང་མཐའ་འཁོར་མཐུན་རྐྱེན་ལ་སོགས་པ་ཚུ་ འཛོམས་ཐོག་ལས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཇི་-ཛི་རོ་དེ་ གཙོ་འཛིན་ཚུ་ སྐོར་རྒྱབ་སྦེ་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ ལས་རིམ་དེ་ཡང་ འབྲུག་ལུ་ གཏན་འཇགས་དྲུང་ཆེན་ཡིག་ཚང་གིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།