༉ ཐབས་རིག་མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༣༤ དེ་ཅིག་ འཚོགས་པའི་ཁར་ ས་ཁམས་དང་འབྲེལ་བའི་ བརྟག་ཞིབ་ཚར་ལེ་ཤ་ དེ་ལས་ ཟད་འགྲོ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་སྦེ་སོང་སྟེ་ ལོ་༡༡ གི་ཤུལ་ལས་ མེ་ག་ཝཊི་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་གློག་ལས་འགུལ་དང་པ་དེ་ ཤུལ་མའི་ཟླཝ་ནང་ ནིའུ་ལྡི་ལུ་སྦེ་ ཐབས་རིག་མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་མཇུག་འཚོགས་པའི་ཤུལ་ལུ་ ལས་འགུལ་གྱི་ལཱ་ ལོག་འགོ་བཙུགས་ནི་ བཟུམ་ཅི་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་ལས་འགུལ་དང་པའི་ ཆུ་བཀག་ར་རྐྱབ་ནི་དེ་ གཙང་ཆུ་གི་གཡས་ཁ་ཐུག་ལུ་ ཆུ་རུད་སྦོམ་ཐོན་ཏེ་ ཆད་སོང་མི་ལུ་བརྟེན་ ལཱ་འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
མཁས་མཆོག་ཚུ་གིས་ ས་ཆ་དེ་ ཚར་ལེ་ཤ་ཅིག་ར་ བརྟག་ཞིབ་འབད་ཞིནམ་ལས་ འོས་འཚམས་ལྡན་པའི་ ཐབས་ལམ་༢ ཆུ་བཀག་ར་ ཡང་ཅིན་ ཆུ་སྒོར་རྐྱབ་ནི་གི་ གྲོས་འཆར་ཚུ་བཀོད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ བསྐྱར་ཞིབ་སྙན་ཞུའི་ གསུང་གྲོས་གནང་པའི་སྐབས་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་གིས་ འདས་པའི་ཟླཝ་ནང་ རྒྱ་གར་ནིའུ་ལྡི་ལི་ལུ་སྦེ་ ཐབས་རིག་མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་འཚོགསཔ་ད་ ཐག་བཅད་མ་ཚུགས་ཟེར་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཤུལ་མའི་ཟླཝ་ནང་ ནིའུ་ལྡི་ལི་ལུ་སྦེ་ ཚོགས་ཆུང་གི་ ཞལ་འཛོམས་མཇུག་འཚོགས་པའི་སྐབས་ ཐག་བཅད་འོང་ཟེར་ ཞུ་ཡི།
ད་རེས་ གྲོས་ཆོད་དེ་ འོས་འབབ་ལྡན་པའི་ རྩ་བརྟན་དང་ ཐབས་ལམ་ཚུ་ བཏོན་ཞིནམ་ལས་ ཆུ་བཀག་ར་རྐྱབ་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ བློན་པོ་མགོནམ་ཚེ་རིང་གིས་ ཞུ་ཡི།
གལ་སྲིད་ ད་རེས་ཀྱི་ཟླཝ་ནང་ ཐག་བཅད་ཚུགས་པ་ཅིན་ ཆུ་བཀག་ར་རྐྱབ་ནི་དེ་ ཤུལ་མའི་ཟླཝ་ལས་ འགོ་བཙུགས་ནི་ཨིནམ་ད་ རྒྱལ་སྤྱི་དང་ འབྲུག་པའི་མཁས་མཆོག་ཚུ་གིས་ ཆུ་བཀག་ར་གི་ གཡས་ཁ་ཐུག་ལུ་ སྟབས་མ་བདེཝ་ཡོད་སྦེ་ ངོས་འཛིན་བྱུང་སྟེ་འདུག་ཟེར་ བློན་པོ་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཧེ་མ་ རྒྱ་གར་གྱི་ མཉམ་འབྲེལ་པ་གིས་ སྟབས་མ་བདེཝ་བྱུང་མི་ལུ་ ངོས་ལེན་མ་འབད་རུང་ ད་རེས་ འབད་དེ་ཡོད་ཟེར་ ཞུ་ཡི།
དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ ཞུ་མིའི་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ གློག་མེ་ཁང་དེ་ རྐྱབ་ཚར་ཏེ་ མཇུག་བསྡུ་ནི་གུ་ ལྷོད་དེ་འདུག་ཟེར་ཨིན་པས།
ཨིན་རུང་ གློག་མེ་ཁང་རྐྱབ་པའི་ཤུལ་ལུ་ ཆུ་བཀག་ར་དང་ དེ་དང་འབྲེལ་བའི་ ལཱ་འབད་དགོཔ་ལེ་ཤ་ཡོདཔ་ལས་ ལོ་མང་རབས་ཅིག་ ལག་ལེན་འཐབ་མ་ཚུགས་པར་ ལུས་ནི་མས་ཟེར་ ཚོགས་ཆུང་གི་ཁྲི་འཛིན་གྱིས་ ཞུ་ཡི།
ཁོ་གིས་ གློག་མེ་ཁང་ ལག་ལེན་མ་འཐབ་པར་བཞག་མི་དང་ རྒྱུན་སྐྱོང་འབད་དགོཔ་འབྱུང་ནི་ཨིནམ་ལས་ ཟད་འགྲོ་ཚུ་གཏང་དགོ་པའི་ཁར་ གློག་མེ་འཕྲུལ་ཆས་ཚུ་ཡང་ དུས་ཡུན་རྫོགས་ནི་གི་ ཉེན་ཁ་འདུག་ཟེར་ཞུ་ཡི།
དམངས་རྩིས་ཚོགས་ཆུང་གིས་ ས་འོག་ལུ་ཡོད་པའི་གློག་མེ་འཕྲུལ་ཁང་གི་ གློག་ཤུགས་འཕྲུལ་རིག་གི་ ཅ་ཆས་ཚུ་ ཤུལ་མ་བརྟག་དཔྱད་དང་ ལག་ལེན་འཐབ་ནིའི་ དུས་ཡུན་སྐབས་ དཀའ་ངལ་མེདཔ་ཅིག་ འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
སྤ་རོ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ཞུ་མིའི་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་ལུ་ དཀའ་ངལ་ཐོན་ཏེ་ ལོ་༡༡ ལང་ཡོདཔ་བཞིན་དུ་ ལོ་བསྟར་ དངུལ་ཀྲམ་ཐེར་འབུམ་༥.༥ དེ་རེ་ གྱོང་རྒུད་དང་ དེ་གི་ སྐྱེད་དངུལ་ཀྲམ་ཐེར་འབུམ་༥ དེ་རེ་ རྒྱལ་ཁབ་ལུ་ གྱོང་རྒུད་ཕོགཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་ཚུ་ རྐྱབ་པའི་སྐབས་ མང་ཤོས་ར་ ལོ་༦ དང་༧ གྱི་ནང་འཁོད་ལུ་ མཇུག་བསྡུ་དོ་ཡོདཔ་ལས་ ད་རེས་ ཐག་གཅད་ནི་དེ་ དུས་ཚོད་རན་ར་རན་མཆི་ཡི་ཟེར་ ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ ནུབ་སྦིས་-སྟང་སི་སྦྱིས་ཀྱི་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཞུ་མིའི་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ ལོ་༧ གྱི་ནང་འཁོད་ལུ་ མཇུག་བསྡུ་སྟེ་ རྒྱལ་ཁབ་ནང་ ཕན་སྦོམ་སྦེ་ར་ ཐོགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སྤུ་ན་གཙང་གློག་མེ་ལས་འགུལ་དེ་ བློན་ཆེན་གྱིས་ འགན་ཁུར་འབག་སྟེ་ གང་མགྱོགས་སྦེ་ མཇུག་བསྡུ་དགོཔ་འདུག་ཟེར་ ཞུ་ཡི།
སྤྱི་ཚོགས་ལྷན་བཞུགས་ཀྱིས་ དམངས་རྩིས་ཚོགས་ཆུང་གི་ གྲོས་འདེབས་ཚུ་ ཚོགས་ཁང་ནང་ འཐུས་མི་༦༥ གིས་དགོ་དང་ འཐུས་མི་༡ གིས་ མི་དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
གཞུང་གིས་ གྲོས་འདེབས་ཚུ་ དང་ལེན་འབད་དེ་ དང་ལེན་གྱི་ སྙན་ཞུ་ཚུ་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ སྙན་ཞུ་འབད་དགོཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དེ་ རྒྱ་གར་དང་ འབྲུག་གི་བར་ན་ ཕན་ཚུན་ཟུང་ཕྱོགས་ཁེ་ཕན་འོག་ལུ་ ལག་ལེན་འཐབ་ཡོདཔ་ད་ གན་ཡིག་དེ་ཡང་ རྒྱལ་ཁབ་༢ ཀྱི་བར་ན་ སྤྱི་ལོ་༢༠༠༧ ཟླ་༧ པའི་ནང་ བཀོད་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༠༨ ཟླ་༡༡ པའི་ནང་ལས་ རྐྱབ་ནི་འགོ་བཙུགས་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༣༥ ལས་ དངུལ་ཀྲམ་ཐེར་འབུམ་༡༠༠ ལུ་ ཡར་འཕར་སོང་ཡོདཔ་ད་ ད་ལྟོ་ཚུན་ཚོད་ ལས་འགུལ་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༨༦ གནས་ཏེ་ ཡོདཔ་ཨིན་པས།
འབྲུག་གཞུང་གིས་ རྒྱལ་ཁབ་༣ པའི་ རྒྱལ་སྤྱི་རང་དབང་ཅན་གྱི་ ཨིསི་ཊ་ཀེ་ གླ་ཁར་ལེན་ཏེ་ ཆུ་བཀག་རའི་ ས་ཁོངས་དེ་ བསྐྱར་ཞིབ་འབད་དེ་ ཆུ་སྒོར་རྐྱབ་དགོ་པའི་ རྒྱབ་སྣོན་འབད་ནུག།
དེ་ལས་ འབྲུག་གིས་ ཆུ་སྒོར་རྐྱབ་ནི་ལུ་ ངོས་ལེན་འབད་ཡོདཔ་ད་ རྒྱ་གར་གྱིས་འབད་བ་ཅིན་ ཆུ་བཀག་ར་རྐྱབ་ནི་ལུ་ ཨུ་ཚུགས་བསྐྱེད་ཡོདཔ་ཨིན་པས།
ཆུ་སྒོ་རྐྱབ་ནི་གི་ ཟད་འགྲོ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༦ དང་༡༨ ཚོད་རྩིས་བཏོན་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།