༉ བཀྲིས་སྒང་རྫོང་ཁག་ མཁའ་གླིང་-ཁ་རུང་ལ་ས་ཁོངས་དེ་ སྐྱེ་ལྡན་སྣ་ཚོགས་ཀྱིས་ ཕྱུག་པའི་ས་ཁོངས་ཅིག་ཨིནམ་ལས་ སྐྱེ་ལྡན་དང་འབྲེལ་བའི་ ལྟ་བཤལ་གྱི་འོས་འབབ་སྦོམ་ཡོད་པའི་ ས་ཁོངས་ཅིག་ཨིན་པས།

ཨིན་རུང་ གཞི་རྟེན་མཐུན་རྐྱེན་མེད་པའི་ དཀའ་ངལ་ལུ་བརྟེན་ ལྟ་བཤལ་པ་དེ་ཅིག་ར་ འོང་མ་ཚུགསཔ་ལས་ ལྟ་བཤལཔ་འོང་བཅུག་ཐབས་ལུ་ ཝམ་རོང་དྲུང་ཁག་དང་ བཀྲིས་སྒང་ནགས་ཚལ་སྡེ་ཕྲན་གྱིས་ གཞི་རྟེན་མཐུན་རྐྱེན་བཟོ་སྐྲུན་དང་ ནང་སྡོད་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།

ནགས་ཚལ་གཙོ་འཛིན་འགོ་དཔོན་ ཀརྨ་ལས་སྐྱིད་ཀྱིས་འབད་བ་ཅིན་ ཁ་རུང་ལ་ས་ཁོངས་ལུ་བརྟེན་ ཤར་ཕྱོགས་རྫོང་ཁག་ནང་ ལྟ་བཤལཔ་ཡར་དྲག་གཏང་ཐབས་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིནམ་ད་ གཞི་རྟེན་མཐུན་རྐྱེན་བཟོ་སྐྲུན་གྱི་དོན་ལས་ མ་དངུལ་དངུལ་ཀྲམ་ས་ཡ་༥.༧༦ དེ་ཅིག་ ཐོབ་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མཁའ་གླིང་རྒེད་འོག་ནང་ ནང་སྡོད་བཟོ་ནིའི་དོན་ལུ་ སྡོད་ཁྱིམ་༢ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ དེ་གིས་ ཕྱིའི་ལྟ་བཤལཔ་དང་ ནང་འཁོད་ལྟ་བཤལཔ་ཚུ་ འོང་བཅུག་ནིའི་དོན་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།

མཁའ་གླིང་དང་ ཀླུ་མང་རྒེད་འོག་གི་ས་ཁོངས་ནང་ སེམས་ཅན་གཅན་གཟན་་རིགས་མ་འདྲཝ་༧ དེ་ཅིག་ འཁྱམས་ས་ཨིན་པའི་ཁར་ གཅན་གཟན་སྟག་དང་ གཞན་མི་སེམས་ཅན་མ་འདྲཝ་ཚུ་ མཐོང་ཚུགས་དོ་ཡོདཔ་ད་ བྱ་རིགས་མ་འདྲཝ་༢༥༠ དེ་ཅིག་ཡང་ མཐོང་ཚུགས་དོ་ཡོདཔ་ཨིན་པས།

ས་གནས་དེ་ རྒྱལ་ཡོངས་ཀྱི་ཕྱེམ་ལ་དང་ བྱ་བབ་མ་འདྲཝ་༣ དེ་ཅིག་ མཐོང་ཚུགས་དོ་ཡོདཔ་ལས་ ལྟ་བཤལཔ་འོང་ས་ བཟོ་ནིའི་འོས་འབབ་སྦོམ་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ ལྟ་བཤལཔ་ཚུ་འོང་པ་ཅིན་ ས་གནས་ཀྱི་མི་ཚུ་ལུ་ ཁེ་ཕན་སྦོམ་ཡོད་མི་དེ་ཡང་ ས་གནས་ཀྱི་མི་ཚུ་གིས་ ལྟ་བཤལ་དང་འབྲེལ་བའི་ཞབས་ཏོག་ དཔེ་བ་ཅིན་ ནང་སྡོད་ཀྱི་ཞབས་ཏོག་ ས་གནས་ཀྱི་ཐོན་སྐྱེད་ ལྟ་བཤལ་ལམ་སྟོན་པའི་ ཞབས་ཏོག་ལ་སོགས་པ་ཚུ་སྤྲོད་ཐོག་ལས་ འོང་འབབ་བཟོ་ནིའི་ འོས་འབབ་ཡོདཔ་ཨིན་པས།

ཀརྨ་ལས་སྐྱིད་ཀྱིས་འབད་བ་ཅིན་ མཁའ་གླིང་གི་སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ཐོན་སྐྱེད་དང་ སྒོ་ནོར་ཐོན་སྐྱེད་ཚུ་ བཙོང་ཐོག་ལས་ འོང་འབབ་བཟོ་ཚུགས་ཟེར་ཨིན་པས།

རང་བཞིན་གནས་སྟངས་ལུ་ སྤྲོ་བ་དང་ གློག་ཐུང་བཟོ་མི་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ས་གནས་དེ་ བྱ་བལྟ་མི་ ལྟ་བཤལཔ་ཚུ་འོང་ནིའི་དོན་ལུ་ འོས་འབབ་སྦོམ་འདུག་ཟེར་ཨིནམ་ད་ དེ་གིས་ ས་གནས་ཀྱི་མི་ཚུ་ལུ་ ཐད་ཀར་དང་ ཐད་ཀར་མིན་པའི་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མའིའི་ནང་ ས་གནས་ཀྱི་མི་ཚུ་ལུ་ ནང་སྡོད་མཐུན་རྐྱེན་སྤྲོད་ནིའི་སྦྱོང་བརྡར་དང་ ལྟ་བཤལ་པའི་ བཟའ་འཐུང་བཟོ་ནིའི་སྦྱོང་བརྡར་ དེ་ལས་ རང་བཞིན་ཉམས་སྲུང་འབད་མི་དང་བསྟུན་ ལྟ་བཤལ་པ་ཡར་དྲག་གཏང་དགོཔ་འདུག་ཟེར་ཨིན་པས།

མཁའ་གླིང་གི་ས་ཁོངས་དེ་ རབ་ཆད་ཉེན་ཡོད་པའི་ བྱ་བབ་མ་འདྲཝ་༣ མཐོང་ནི་ཡོད་པའི་ཁར་ ས་གནས་དེ་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་པའི་ས་ཁོངས་ཅིག་ཨིན་པས།

བྱ་བབ་སྔོ་ནག་དེ་ ས་གནས་ག་ཏེ་ཡང་མཐོང་དོ་ཡོད་རུང་ བྱ་བབ་དམར་སེར་དང་ སྔོ་དཀར་དེ་ ས་གནས་ནང་མ་གཏོགས་ མཐོང་མི་ཚུགས་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤད་པའི་ཁར་ ས་གནས་དེ་ ནང་འཁོད་གནམ་ཐང་གི་ སྦོ་ལོགས་ཁར་འབདཝ་ལས་ ལྟ་བཤལ་པའི་འོས་འབབ་སྦོམ་འདུག་ཟེར་ཨིནམ་ད་ ས་གནས་ནང་ ཕྱེམ་ལ་མ་འདྲཝ་ཚུ་ཡང་ མཐོང་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལྟ་བཤལཔ་ཚུ་ ལཱ་ཁག་སྦེ་ རྒྱལ་ཡོངས་ཕྱེམ་ལ་བལྟ་བར་ བཀྲིས་གཡང་རྩེ་ལུ་ འགྱོ་དགོཔ་མིན་འདུག་ཟེར་ཨིནམ་ད་ བྱ་བལྟ་བའི་ཞོར་ཁར་ ལ་མཐོ་སར་སྡོད་མི་དང་ མཁའ་གླིང་གི་ལམ་སྲོལ་ཚུ་ བལྟ་ཚུགས་ཟེར་ཨིན་པས།

བྱ་བབ་ཚུ་ཡང་ སྤྱི་ཟླ་༣ པ་ལས་༥ ཚུན་དང་ སྤྱི་ཟླ་༩ དང་༡༡ པ་ཚུན་གི་བར་ན་ མཐོང་ཚུགས་དོ་ཡོདཔ་ད་ མཁའ་གླིང་དེ་ ཐགས་རིགས་ཡོངས་གྲགས་ཡོད་པའི་ ས་གནས་ངོ་མ་ཅིག་ཨིན་པས།

ས་གནས་ཀྱི་མི་ ཀུན་བཟང་ཆོས་སྒྲོན་གྱིས་ བྱ་རིགས་མ་འདྲཝ་ཚུ་དང་ ཕྱེམ་ལ་མ་འདྲཝ་ཚུ་ གོ་ལ་གུ་ འཐག་ཞིནམ་ལས་ འོང་འབབ་བཟོ་དོ་ཡོདཔ་ད་ མོ་གིས་སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ ལྟ་བཤལཔ་༡༠ འོང་མི་ལས་ འོང་འབབ་དངུལ་ཀྲམ་༡༠,༠༠༠ བཟོ་ཚུགས་ཅི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ལྟ་བཤལཔ་འོང་པ་ཅིན་ ས་གནས་ཀྱི་མི་ཚུ་ལུ་ ཁེ་ཕན་སྦོམ་འབྱུང་ནི་མས་ཟེར་ཨིནམ་ད་ ནང་སྡོད་ཀྱི་ཞབས་ཏོག་སྤྲོད་ཐོག་ལས་ འོང་འབབ་བཟོ་ནིའི་ སྤྲོ་བ་ཡོད་ཟེར་ཨིན་པས།

མཁའ་གླིང་རྒཔོ་ བསོད་ནམས་རྡོ་རྗེ་གིས་འབད་རུང་ ལྟ་བཤལ་གྱི་འོས་འབབ་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ ནང་འཁོད་གནམ་ཐང་གི་ སྦོ་ལོགས་ཁར་འབདཝ་ལས་ ལྟ་བཤལཔ་ཚུ་ འཇམ་ཏོང་ཏོ་སྦེ་ འོང་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཙོ་བོ་ར་ ལྟ་བཤལཔ་ཚུ་ ཡུན་རིང་སྦེ་སྡོད་ནིའི་ རེའུ་མིག་བཟོ་ནི་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ ས་གནས་དེ་ སྐྱེ་ལྡན་ལེ་ཤ་ཡོད་པའི་ ས་ཁོངས་ཅིག་ཨིན་ཟེར་ཨིན་པས།

མཁའ་གླིང་–ཁ་རུང་ལ་ས་ཁོངས་དེ་ སྐྱེ་ལྡན་རིགས་སྣ་ཡོད་པའི་ས་ཁོངས་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ ལྟ་བཤལ་དང་འབྲེལ་བའི་མཐུན་རྐྱེན་བཟོ་ནིའི་དོན་ལུ་ གདོང་ལེན་ལེ་ཤ་ཡོདཔ་ལས་ མ་དངུལ་མངམ་དགོ་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། མཁའ་གླིང་།

Advertisement