༉ སྣུམ་འཁོར་གྱི་ གོང་ཚད་དེ་ རྣམ་རྟོག་ལང་སི་སི་སྦེ་ ཡར་སེང་སོང་མི་ལུ་ མི་སེར་ཚུ་ དབུགས་འགམ་ཡོད་མི་དང་འབྲེལ་ འདས་པའི་གཞུང་ འབྲུག་མཉམ་རུབ་ཚོགས་པ་གིས་ དེ་བསྒང་ གནད་དོན་ཚབས་ཆེན་ཅིག་ལུ་གྱུར་ཡོད་པའི་ ནམ་དུས་ལུ་ ཁྲལ་གཞི་སྒྱུར་དེ་ མེད་ཐབས་མེདཔ་ཅིག་སྦེ་ སྡོད་ཅི་ཟེར་ དོགས་སེལ་འབདཝ་ཨིན་པས།
སྣུམ་འཁོར་གྱི་ གོང་ཚད་ཡར་འཕར་དེ་ཡང་ ཁྲལ་གྱི་དཔྱད་ཡིག་༢༠༢༢ ཅན་མ་ འཕྲི་སྣོན་འབད་མི་ལུ་བརྟེན་ཨིནམ་བཞིན་དུ་ དེ་གིས་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་ གོང་ཚད་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་འཕར་སོང་ཡོདཔ་ཨིན་པས།
དཔེར་ན་ ཡོངས་གྲགས་ཅན་གྱི་ སྣུམ་འཁོར་ཨཱོལ་ཊོ་ཀེ་༡༠ ཨེལ་ཨེསི་ཨའི་ཅིག་ལུ་ ད་རེས་ གོང་ཚད་དངུལ་ཀྲམ་ས་ཡ་༠.༧༦ གནས་དོ་ཡོདཔ་ཨིན་པས།
ད་ལྟོའི་གཞུང་གིས་ ད་རེས་ སྣུམ་འཁོར་གྱི་ གོང་ཚད་ཡར་སེང་སོང་མི་དེ་ཡང་ འདས་པའི་གཞུང་གིས་ ཁྲལ་ཡར་སེང་འབད་མི་ལུ་བརྟེན་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོའི་གཞུང་གིས་ ཁྲལ་གསརཔ་ཆ་འཇོག་དང་ སྣུམ་འཁོར་གྱི་ གོང་ཚད་ཚུ་ ག་ནི་ཡང་ ཡར་སེང་འབད་འབདཝ་མེདཔ་ལས་ སྣུམ་འཁོར་གྱི་ གོང་ཚད་ཡར་སེང་སོང་མི་དེ་ གཞུང་༣ པ་གིས་ སྤྱི་ལོ་༢༠༢༢ ལུ་ ཁྲལ་ཡར་སེང་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གི་ གནས་ཚུལ་གསར་བཏོན་ འབད་མི་དང་འཁྲིལལཝ་ད་ ཁོང་ར་གཞུང་སྐྱོང་སྦེ་ སྡོད་པའི་སྐབས་ སྟབས་མ་བདེཝ་དང་ གདོང་ལེན་ཚུ་བྱུང་ཡོདཔ་ལས་ ཁྲལ་གཞི་སྒྱུར་དེ་ དགོས་མཁོ་ཅན་ཅིག་སྦེ་ བྱུང་ཡི་ཟེར་ཨིན་པས།
ཚོགས་པ་གིས་ ཁོང་རའི་གནས་ཡུན་སྐབས་ ཀོ་བིཌ་-༡༩ བརྩིས་ཏེ་ དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ འབྱེམ་ཕོག་ཡོདཔ་བཞིན་དུ་ མི་གི་འཚོ་བའི་གནས་སྟངས་ལུ་ ཉེན་ཁ་བྱུང་ཡོདཔ་ལས་ གཞུང་གིས་ གྲོས་ཐག་བཅད་ནི་ལུ་ སྟབས་མ་བདེ་བའི་ གནས་སྟངས་བཟོ་ཡི་ཟེར་ཨིན་པས།
སྲིད་དོན་ཉེན་ཁ་བཟོ་ནི་དེ་ ང་བཅས་རའི་ཚོགས་པའི་ གཞི་རྩ་མེནམ་ད་ སྲིད་དོན་གྱི་དམིགས་ཡུལ་མེན་པར་ གནས་སྟངས་དང་བསྟུན་པའི་ དགོས་མཁོ་བྱུང་མི་དང་འཁྲིལ་ཏེ་ ཐག་བཅད་ཅི་ཟེར་ འབྲུག་མཉམ་རུབ་ཚོགས་པ་གིས་ བཀོད་ཡོདཔ་ཨིན་སཔ།
ཚོགས་པ་གིས་ བཀོད་མིའི་ནང་ ནད་ཡམས་དང་ ཡུ་ཀེ་རན་-ར་ཤི་ཡ་དམག་འཁྲུགས་ལུ་ དཔལ་འབྱོར་གྱི་ འབྱེམ་ཕོག་པའི་ཁར་ ནང་འདྲེན་ལེ་ཤ་འབད་དགོཔ་ཐོན་ཡོདཔ་མ་ཚད་ ཕྱི་དངུལ་ཟུར་གསོག་ལུ་ཡང་ ཐོ་ཕོག་ཅི་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ ཕྱོགས་གཅིག་ལས་ ཕྱི་དངུལ་ཟུར་གསོག་མར་བབས་དང་ ཕྱོགས་ཅིག་ལས་ ཚོང་འབྲེལ་ཁྱད་པར་ སྦོམ་ཐོན་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་བཟོ་ཡོདཔ་བཞིན་དུ་ གཞུང་གིས་ སྤྱི་ལོ་༢༠༢༢ ལུ་ ཁྲལ་གྱི་དཔྱད་ཡིག་དེ་ བསྐྱར་ཞིབ་འབད་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཁྲལ་བསྐྱར་ཞིབ་ཀྱིས་ འོང་འབབ་ཡར་སེང་གི་ མ་དོ་བར་ ཁྲལ་གྱི་ལམ་ལུགས་དེ་ དེང་སང་དང་ཆ་མཐུནམ་སྦེ་ བཟོ་ཡོདཔ་ད་ ཚོགས་པ་གིས་ དཔྱེ་ཅིག་བཟོ་བཀོད་མིའི་ནང་ ཉེར་མཁོའི་ཅ་ཆས་ཚུ་གི་ ཁྲལ་མར་ཕབ་དང་ སྔོ་ལྗང་རྩོལ་སྒྲུབ་ གློག་མེ་སྣུམ་འཁོར་དང་ བརྒྱུད་འཕྲིན་ དེ་ལས་ ནུས་ཤུགས་གསོག་འཇོག་འབད་ཚུགས་པའི་ ཅ་ཆས་ཚུ་ལུ་ ཁྲལ་མར་ཕབ་འབད་ཡི་ཟེར་ཨིན་པས།
ཐབས་ལམ་དེ་ཚུ་ཡང་ རྒྱལ་ཁབ་ཀྱི་ སྔོ་ལྗང་ཡར་དྲག་དང་ ཌི་ཇི་ཊཱལ་དོ་འགྲན་འབད་ནི་གི་ དམིགས་དོན་དང་ རིམ་སྒྲིག་སྟེ་ཨིན་པས།
ཨིན་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ སྣུམ་འཁོར་གྱི་ གོང་ཚད་ཡར་སེང་སོང་མི་ལུ་ མི་ཚུ་གིས་ དབུགས་འགམ་མི་ལུ་ ངོས་ལེན་འབད་དེ་ཡོདཔ་ད་ ཁྲལ་བསྐྱར་ཞིབ་འབད་མི་ ཁ་སྐོང་ལུ་ ཐོན་སྐྱེད་དང་ སྐྱེལ་འདྲེན་ དེ་ལས་ ཕྱི་དངུལ་བརྗེ་སོར་གྱི་ ཚད་གཞི་ཡར་འཕར་སོང་མི་དེ་གིས་ཡང་ ལྷག་པར་དུ་ སྣུམ་འཁོར་གྱི་ གོང་ཚད་ཡར་སེང་འགྱོ་ནི་ལུ་ ལྷན་ཐབས་འབད་ནུག་ཟེར་ཨིན་པས།
ད་ལྟོའི་ གཞུང་གིས་ སྣུམ་འཁོར་གོང་ཚད་དང་ ཁྲལ་ཚུ་ལེགས་ཤོམ་སྦེ་ བསྐྱར་ཞིབ་མ་འབད་བར་ སྣུམ་འཁོར་བཀག་དམ་ཡངས་ཆག་བཏང་མི་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།
ཚོགས་པ་གིས་ བཀོད་མིའི་ནང་ དེ་བཟུམ་མའི་ གྲོས་ཐག་མ་བཅད་པའི་ཧེ་མར་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དགོཔ་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁྲལ་གྱི་གྲུབ་འབྲས་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་ལུ་ ཉེར་མཁོ་ཅན་ཅིག་ཨིནམ་བཞིན་དུ་ རྒྱུ་དངོས་ཁྲལ་ཡང་ ཡར་སེང་འབད་ཡོདཔ་ལས་ དེ་གིས་ འོང་འབབ་ཡར་སེང་སོང་སྟེ་ ཡོད་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།