བཀྲིས་ཕུན་ཚོགས།

༉ སྤྱི་ལོ་༢༠༢༣ ལུ་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་གི་ནང་འདྲེན་༣ ལྟབ་ཀྱིས་ མར་བབས་སོང་ཡོདཔ་ལས་ རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ནག་ཚོང་འཐབ་མི་དེ་ ཡར་སེང་འགྱོ་ནིའི་འོས་འབབ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༣ ལུ་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འཐབ་ནི་དེ་ བརྒྱ་ཆ་ལས་༣༠༠ ལྷགཔ་ཅིག་ མར་བབས་སོང་ཡོད་མི་དེ་ དངུལ་ཀྲམ་ས་ཡ་༥༤༢.༣༣ ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༡.༥༩ མར་བབས་སོང་ནུག་ཟེར་ཨིན་པས།

དེ་སྦེ་ ནང་འདྲེན་མར་ཉམས་འགྱོ་མི་དང་ འོང་འབབ་ལུ་ཐོ་ཕོག་མི་དེ་ གཙོ་བོ་ར་ གཞུང་གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་གི་ བཙོང་ཁྲལ་ཡངས་ཆག་ བརྒྱ་ཆ་ལས་༡༠༠ འབད་མི་ལུ་བརྟེན་ཨིནམ་ད་ སྤྱི་ལོ་༢༠༢༢ ལུ་ རྒྱལ་ཁབ་ནང་ ཉེར་མཁོའི་ཅ་ཆས་༡༠ གྱི་གྲས་ལས་ གཅིག་ཏམ་ཁུ་ཨིན་པས།

འབྲུག་གིས་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ རྒྱལ་ཁབ་ནང་ ནང་འདྲེན་འབད་ནི་དང་ བཙོང་ནི་ཚུ་ བཀག་དམ་འབད་མི་དེ་ འབྲུག་གི་ཁྲལ་བཅའ་ཁྲིམས་༢༠༢༡ ཅན་མ་ འཕྲི་སྣོན་འབད་ཞིནམ་ལས་ སྤྱི་ལོ་༢༠༢༡ ཟླ་༧ པ་ལས་ བསྟར་སྤྱོད་འབད་ནི་འགོ་བཙུགས་མི་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་༡༩ ཐོན་པའི་ཚ་གྱང་ལུ་བརྟེན་ཨིན་པས།

དེ་བསྒང་ རྒྱལ་ཁབ་ནང་ འཕྲོ་མཐུད་དེ་ར་ ས་མཚམས་ལས་ཕར་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ ནག་ཚོང་འཐབ་མི་ལུ་བརྟེན་ཨིན་པས།

དེ་གིས་སྦེ་ གཞུང་གིས་ བཅའ་ཁྲིམས་བསྐྱར་ཞིབ་འབད་ཞིནམ་ལས་ བཙོང་ཁྲལ་བརྒྱ་ཆ་༡༠༠ ལས་ ཀླད་ཀོར་སྦེ་ དགོངས་ཡང་བཏང་ཡོདཔ་ཨིན་པས།

ཨིན་རུང་ སྤྱི་ལོ་༢༠༢༢ ཟླ་༡༡ པའི་ནང་ གཞུང་གིས་ ལོག་སྟེ་ར་ བཙོང་ཁྲལ་བརྒྱ་ཆ་ལས་༡༠༠ བཀལ་བའི་ཁར་ ཏམ་ཁུ་ནང་འདྲེན་འབད་མི་ལུ་ ཅ་ཁྲལ་བརྒྱ་ཆ་༡༠ འབྲུག་གི་ཁྲལ་གི་བཅའ་ཁྲིམས་༢༠༢༢ ཅན་མའི་ དགོངས་དོན་དང་འཁྲིལ་ཏེ་ཨིན་པས།

སྤྱི་ལོ་༢༠༢༣ ལུ་ ཏམ་ཁུ་ནང་འདྲེན་འབད་མི་ལུ་བརྟེན་ འོང་འབབ་ཁྲལ་ དངུལ་ཀྲམ་ས་ཡ་༥༤༢ ལྷགཔ་ཅིག་ བཟོ་ཡོདཔ་ཨིན་པས།

འབྲུག་གི་ཅ་དམ་བཅའ་ཁྲིམས་༢༠༡༧ ཅན་མའི་ དོན་ཚན་༦༣ པ་དང་འཁྲིལཝ་ད་ ནང་འདྲེན་དང་ ཕྱིར་ཚོང་གི་ ཅ་ཆས་ ཁྲལ་བཀལ་མི་དང་ ཁྲལ་བཀལ་མ་བཏུབ་ག་ཅི་ཨིན་རུང་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་ ཡིག་ཚང་དང་ ས་ཁོངས་ནང་ལྷོདཔ་ད་ གསལ་སྟོན་འབད་དགོཔ་ཨིན་ཟེར་ཨིན་པས།

ཅ་དམ་ཁྲིམས་ལུགས་དང་ སྒྲིག་གཞི་༢༠༡༧ ཅན་མ་དང་འཁྲིལཝ་ད་ ནང་འདྲེན་དང་ ཕྱིར་ཚོང་གི་ ཅ་ཆས་ཚུ་ག་ཅི་ཨིན་རུང་ འཛུལ་སྒོ་དང་ འཐོན་སྒོ་ནང་ལྷོདཔ་ད་ ཅ་དམ་འགོ་དཔོན་ཚུ་ལུ་ གསལ་སྟོན་འབད་དགོཔ་ཨིན་ཟེར་ཨིན་པས།

ཅ་དམ་བཅའ་ཁྲིམས་དང་འཁྲིལཝ་ད་ གལ་སྲིད་ མི་ངོམ་ཅིག་གིས་ ཁྲིམས་འགལ་ཐོག་ལས་ ཅ་ཆས་ཚུ་ འཛུལ་སྒོ་དང་ འཐོན་སྒོ་ཚུ་ནང་ གསལ་སྟོན་མ་འབད་མི་ལུ་ ཅ་ཆས་ཀྱི་་གོང་ཚད་གུ་ ཉེས་བྱ་བརྒྱ་ཆ་༥༠ བཀལ་ནི་ཨིན་ཟེར་ཨིན་པས།

སྤྱི་ལོ་༢༠༢༣ ལུ་ རྒྱ་གར་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ནང་འདྲེན་འབད་མི་ལུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༥༢༩.༧༤ དང་ གཞན་མི་རྒྱལ་ཁབ་ཚུ་ལས་ དངུལ་ཀྲམ་ས་ཡ་༡༢.༥༩ ནང་འདྲེན་འབད་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ སི་ག་རེཊ་ནང་འདྲེན་འབད་མི་རྐྱངམ་གཅིག་ལུ་ དངུལ་ཀྲམ་ས་ཡ་༥༠༧.༦༥ གནས་ནུག་ཟེར་ཨིན་པས།

དུས་ཅི་ འདས་པའི་ཟླཝ་༣ ནང་ འབྲུག་གིས་ དངུལ་ཀྲམ་ས་ཡ་༡༦༦.༩༢ གནས་པའི་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༡ ལུ་ ཁྲལ་ཡངས་ཆག་བཏང་པའི་སྐབས་ དངུལ་ཀྲམ་ས་ཡ་༤༥༣.༥༤ གནས་པའི་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ ནང་འདྲེན་དངུལ་ཀྲམ་ས་ཡ་༡༤༤.༢༣ དང་ སྤྱི་ལོ་༢༠༡༩ ལུ་ ནང་འདྲེན་དངུལ་ཀྲམ་ས་ཡ་༠.༦༦ དེ་ལས་ སྤྱི་ལོ་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༡.༠༧ གནས་པའི་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་རིགས་ཚུ་ ནང་འདྲེན་འཐབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ གི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ད་ལྟོ་ ལག་ལེན་འཐབ་བཞིན་ཡོད་པའི་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་བརྒྱ་ཆ་༢༣.༩ འབད་མི་དེ་ སྐྱེས་ལོ་༡༥ ལས་༦༩ འབད་མི་ཚུ་འདུག་ཟེར་ཨིན་པས།

ད་ལྟོའི་བར་ན་ཡང་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ འཛུགས་སྐྱོང་འབད་ནི་དེ་ བཀག་དམ་ཨིནམ་མ་ཚད་ མི་མང་གི་ས་ཁོངས་ཚུ་ནང་ ཏམ་ཁུ་འཐུང་མ་ཆོགཔ་ཨིན་པས།

དེ་བཟུམ་སྦེ་ ཚོང་པ་ཚུ་གིས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ ལོ་ན་མ་སྨིན་པའི་ཨ་ལོ་ཚུ་ལུ་ བཙོང་མ་ཆོག་པའི་ཁར་ སློབ་གྲྭ་དང་ ལྷ་ཁང་ དགོན་སྡེ་ སྨན་ཁང་ གཞི་རྟེན་སྨན་ཁང་ དེ་ལས་ གནས་ཀྱི་ས་གོ་དང་ ཉེ་འདབས་ཚུ་ནང་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་རིགས་ཚུ་ བཙོང་མ་ཆོགཔ་བཞིན་དུ་ ཁྲིམས་འགལ་ཨིན་པའི་གནས་ཚུལ།

Advertisement