༉ སྤྱི་ཟླ་༡༢ པའི་ཚེས་༢༥ ལུ་ སྤུ་ན་ཁ་ ཆུ་སྦུག་རྒེད་འོག་ལྟེ་བའི་ནང་ ཉིནམ་གཅིག་གི་རིང་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ས་གནས་ཀྱི་མི་སེར་ཚུ་ལུ་ གཡོ་སྒྱུ་དང་ ཁྲིམས་འགལ་འབད་མི་ དེ་ལས་ འཕྲོད་བསྟེན་གྱི་ཉེན་ཁ་ཚུ་ ཡར་སེང་སོང་ཡོདཔ་ལས་ དྲནམ་བཏོན་སྡོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སྤུ་ན་ཁ་གི་ ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དམག་སྲིད་འོགམ་ ཕྱག་རྡོར་རྣམ་རྒྱལ་གྱིས་ ད་རེས་ནངས་པ་ གྲོང་གསེབ་ཀྱི་མི་ཚུ་ བྱ་ངན་འབད་མི་ཚུ་གི་འབྱིད་སྐོར་དང་ གཡོ་སྒྱུ་ནང་ཚུད་མིའི་ གྱངས་ཁ་ཡར་འཕར་སོང་སྟེ་ ཡོད་ཟེར་ཨིན་པས།
སྤུ་ན་ཁའི་ ཁྲིམས་སྲུང་འགག་སྡེ་གིས་ ངོ་རྐྱང་ཚུ་ མི་གཞན་གྱི་མགུ་སྐོར་ནང་ཚུད་དེ་ ཏི་རུ་འབག་ཡོད་པའི་ གནད་དོན་ལེ་ཤ་ར་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ ལ་ལུ་ཅིག་ ཏི་རུ་ལོག་འཐོབ་མ་ཚུགས་པར་ འདུག་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཕྱག་རྡོར་རྣམ་རྒྱལ་གྱིས་ མི་སེར་ག་ར་འབད་རུང་ སེམས་དྲན་པ་བཏོན་ཏེ་ སྡོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ འགོ་འདྲེན་འཐབ་མི་ གོ་བརྡའི་ལས་རིམ་ནང་ མི་སེར་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ད་ལྟོ་ཚུན་ སྤུ་ན་ཁ་ ཁྲིམས་སྲུང་འགག་སྡེ་གིས་ གཡོ་སྒྱུ་དང་འབྲེལ་བའི་ གནས་དོན་༦ ཐོ་བཀོད་འབད་མི་ལས་༡ རྐྱངམ་གཅིག་ གཞུག་འབྲེལ་ཐོག་ ཐོ་བཀོད་འབད་དེ་ སེལ་ཐབས་འབད་ཡོད་རུང་ གནད་དོན་༥ ཐོ་བཀོད་མ་འབད་བར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྡེ་འཛིན་གྱིས་ དབང་བཙོང་འདོད་སྤྱོད་དང་ ཆང་དང་འབྲེལ་བའི་ཉེས་བྱ་ དེ་ལས་ འཐབ་འཛིང་ དང་ ནང་འཁོད་རྩུབ་སྤྱོད་སྐོར་ལས་ཡང་ མི་སེར་ཚུ་ལུ་ བཤད་ཡོདཔ་བཞིན་དུ་ ནང་འཁོད་རྩུབ་སྤྱོད་ཀྱི་ ཉམས་རྒྱུདཔ་དེ་ ཨམ་སྲུ་རྐྱངམ་གཅིག་མེན་པར་ ཕོ་སྐྱེས་ཚུ་ལུ་ཡང་ འབྱུང་ནི་ཡོད་ཟེར་ཨིན་པས།
སྤུ་ན་ཁའི་ ཁྲིམས་སྲུང་འགག་སྡེ་ནང་ དུས་ཅི་ ནང་འཁོད་རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་ཁག་༦ གཞུང་འབྲེལ་ཐོག་ ཐོ་བཀོད་འབད་ཡོདཔ་ད་ གནད་དོན་ཁག་༣༥ དེ་ ནང་འགྲིག་འབད་ཡོདཔ་ཨིན་པས།
གནད་དོན་༢ ཕྱིར་བཏོན་དང་ གནད་དོན་གཞན་༤ པོ་དེ་ ཁྲིམས་འདུན་ལུ་ རྩོད་གཞི་ཕྱེས་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ གསོ་བའི་འགོ་དཔོན་ཚུ་གིས་ འབུ་ནི་མེད་པའི་ ནད་གཞི་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ བྱིན་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ནད་གཞི་ཧ་སུ་སྦེ་ བདའ་བཟུན་ནི་དང་ བཀག་ཐབས་འབད་ནི་ འཕྲོད་བསྟེན་ཐོག་ལས་ མི་ཚེ་སྐྱོང་ནི་དེ་ ཁག་ཆེཝ་མ་ཚད་ གློ་བུར་གསོ་བའི་ཞབས་ཏོག་དང་ ནད་གཞི་བཀག་ཐབས་ལུ་ གཙང་སྦྲ་བཏོན་དགོ་པའི་སྐོར་ལས་ཡང་ གོ་བ་བརྡ་སྤྲོད་ཚུ་འབད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ སྤྱིར་བཏང་ཞི་བདེ་ཡར་དྲག་གཏང་ནི་དང་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ ཉེན་ཁ་ཚུ་ མར་ཕབ་འབད་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཆུ་སྦུག་རྒཔོ་ སྦྱིན་པ་རྒྱལ་ཚན་གྱིས་ སླབ་མིའི་ནང་ མི་སེར་མང་ཤོས་ཅིག་གིས་ ཁྲིམས་དང་ གསོ་བ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་མ་ཐོབ་པའི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན ད་རེས་ ས་གནས་ཀྱི་མི་ཚུ་ལུ་ བྱ་ངན་དང་ འཕྲོད་བསྟེན་ དེ་ལས་ ཆོས་དང་འབྲེལ་བའི་སྐོར་ལས་ བརྡ་སྤྲོད་ཀྱི་ གྲོས་བསྟུན་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ འཁྱིད་འོང་ནི་དེ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་ཟེར་ཨིན་པས།
ཆུ་སྦུག་རྒེད་འོག་ནང་ མི་རློབས་༢,༤༤༥ བརྩིས་ཏེ་ གུང་པ་༣༥༠ ཡོདཔ་ཨིན་པའི་གནས་ཚུལ།
བཅོ་ལྔ་ལྷམོ།