༉ དབང་འདུས་ཕོ་བྲང་ སྒང་སྟེང་དགོན་པ་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༠ ལས་༡༡ ཚུན་ ལོ་བསྟར་ཁྲུང་ཁྲུང་སྐེ་ནག་གི་དུས་སྟོན་ འགོ་འདྲེན་འཐབ་མིའི་ནང་ དུས་ཅི་ ལྟ་བཤལཔ་༦༠༠ བརྩིས་ཏེ་ མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལས་རིམ་དེ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་ཉིནམ་དང་འབྲེལ་ གུས་བཏུད་ཞུ་ནི་དང་ ཁྲུང་ཁྲུང་སྐེ་ནག་ཡང་ འབྲུག་ལུ་འོང་པའི་བརྡ་མཚེོན་ལུ་ བརྩི་སྲུང་འབདཝ་ཨིན་པས།
དུས་ཅི་འབདཝ་ད་ ཁྲུང་ཁྲུང་སྐེ་ནག་གི་ དུས་སྟོན་བརྩི་སྲུང་འབད་དེ་ ལོ་ངོ་༢༥ ལང་ཡོདཔ་ལས་ དམིགས་བསལ་ཅིག་སྦེ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ དུས་སྟོན་དེ་ ཉིནམ་གཅིག་རྐྱངམ་གཅིག་ བརྩི་སྲུང་འབད་དོ་ཡོད་རུང་ ད་རེས་འབདཝ་ད་ ཉིནམ་གཉིས་ བརྩི་མི་དེ་ཡང་ ལོ་ངོ་༢༥ འཁོར་མི་ལུ་བརྟེན་ཨིནམ་ད་ དུས་སྟོན་ནང་ ལུང་ཕྱོགས་ཀྱི་ལྟ་བཤལཔ་༡༠༠ དང་ རྒྱལ་སྤྱིའི་ལྟ་བཤལཔ་༥༠༠ དེ་ཅིག་ ལྷོད་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་པ་ཚུ་གིས་ སླབ་མིའི་ནང་ ལས་རིམ་ནང་ བཅའ་མར་གཏོགས་མིའི་གྱངས་ཁ་ ཡར་སེང་སོང་མི་དེ་ཡང་ ལྟ་བཤལ་ལས་ཁུངས་དང་ ལམ་འགྲུལ་ངོ་ཚབ་ཚུ་གིས་ བརྩོན་ཤུགས་བསྐྱེད་ཐོག་ལས་ དུས་སྟོན་དེ་ དར་ཁྱབ་བཏང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ བྱ་ཁྲུང་ཁྲུང་སྐེ་ནག་དེ་ འཛམ་གླིང་ནང་ རབས་ཆད་ཉེན་ཡོད་པའི་ སེམས་ཅན་ཅིག་འབདཝ་ལས་ དུས་སྟོན་ནང་ བཅའ་མར་གཏོགས་ནིའི་ སྤྲོ་བ་བསྐྱེདཔ་མས་ཟེར་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
དུས་སྟོན་ནང་ དགེ་སློང་དང་ ས་གནས་ཀྱི་མི་སེར་ དེ་ལས་ སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ལས་རིམ་ དབྱེ་ཁག་མ་འདྲཝ་ཚུ་ འགྲེམས་སྟོན་འབད་མིའི་གྲས་ལས་ རང་ལུགས་ཀྱི་གླུ་གཞས་དང་ རང་ལུགས་ཀྱི་ཞབས་ཁྲ་དང་ འཆམ་ཚུ་ཡང་ སྤྱན་འབུལ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སློབ་ཕྲུག་ཚུ་གིས་ ཁྲུང་ཁྲུང་གི་རྣམ་པ་བཟོ་ཐོག་ལས་ ཡོངས་གྲགས་ཅན་གྱི་ ཁྲུང་ཁྲུང་ཟེར་མི་ ཁྲུང་ཁྲུང་སྐེ་ནག་གི་ ཞབས་ཁྲ་ཚུ་ཡང་ རྐྱབ་ཡོདཔ་ཨིན་པས།
ལས་རིམ་དེ་ སྒང་སྟེང་དང་ ཕོབ་སྦྱིས་ཁའི་ རང་བཞིན་གནས་སྟངས་འཛིན་སྐྱོང་ཚོགས་ཆུང་གིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དུས་སྟོན་དེ་ གཅིག་སྒྲིལ་མཉམ་སྲུང་དང་གོང་འཕེལ་ལས་རིམ་གྱི་ ཆ་ཤས་ཅིག་སྦེ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ འགོ་དང་པ་ར་ སྤྱི་ལོ་༡༩༩༨ ལུ་ ལུང་གཤོང་སྦུག་ལུ་ཡོད་པའི་ སློབ་གྲྭ་རྙིངམ་གི་ ཉེ་འདབས་ལུ་ བརྩི་སྲུང་འབད་ཡོད་རུང་ དུས་སྟོན་ནང་ བཅའ་མར་གཏོགས་མི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ སྤྱི་ལོ་༢༠༠༥ ལས་ སྒང་སྟེང་དགོན་པ་ལུ་ བརྩི་སྲུང་འབད་ནི་ འགོ་བཙུགས་ནུག།
སྤྱི་ལོ་༢༠༡༣ ལས་ དུས་སྟོན་འགོ་འདྲེན་འཐབ་མི་ཚུ་གིས་ ལས་རིམ་དེ་ ཡར་དྲག་གཏང་ནི་དང་ ཡུན་རིང་གནས་ཐབས་ལུ་ རྒྱལ་སྤྱིའི་ལྟ་བཤལ་པ་ཚུ་ལུ་ འཛུལ་འཐུས་དངུལ་ཀྲམ་༥༠༠ དང་ སཱག་ལུང་ཕྱོགས་ཀྱི་ལྟ་བཤལཔ་ཚུ་ལས་ འཛུལ་འཐུས་དངུལ་ཀྲམ་༢༥༠ རེ་ བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལས་རིམ་ནང་ མི་ལེ་ཤ་འཛོམས་དོ་ཡོདཔ་ལས་ ཕྱིའི་ལྟ་བཤལཔ་ཚུ་ འཛུལ་འཐུས་སྤྲོད་ཡོད་རུང་ སྡོད་ནི་གི་ས་གོ་ ལེགས་ཤོམ་མ་ཐོབ་མི་ལུ་བརྟེན་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།
ལྟ་བཤལ་ལམ་སྟོན་པ་ཅིག་གིས་ སླབ་མིའི་ནང་ ལས་རིམ་འགོ་འདྲེན་པ་ཚུ་གིས་ ལྟ་བཤལཔ་ཚུ་ལས་ འཛུལ་འཐུས་བསྡུ་ལེན་འབད་ཡོད་རུང་ ལྟ་བཤལཔ་ཚུ་གི་དོན་ལུ་ སྡོད་ས་ལངམ་སྦེ་བཟོ་དགོ་པའི་ཁར་ ལས་རིམ་ཡང་ ལེགས་ཤོམ་ཅིག་སྦེ་ གྲ་སྒྲིག་མ་འབད་བས་ཟེར་ཨིན་པས།
ལྟ་བཤལ་པ་ལམ་སྟོན་པ་ གཞན་མི་ཅིག་གིས་ སླབ་མིའི་ནང་ ཁོ་གི་ལྟ་བཤལཔ་ རྒན་ཤོས་ཅིག་ དུས་སྟོན་མཇུག་མ་བསྡུ་ཚོན་ཚོད་ ལོང་སྡོད་དགོཔ་བྱུང་ཡོདཔ་ལས་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
ལྟ་བཤལ་པ་ཚུ་གིས་ བཤད་མིའི་ནང་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་གོ་ཚུ་ ལོགས་སུ་སྦེ་ར་ བཟོ་དགོཔ་འདུག་ཟེར་ཨིན་པས།
འབྲུག་ལུ་ དམིགས་བསལ་དུ་ ཁྲུང་ཁྲུང་སྐེ་ནག་གི་ དུས་སྟོན་ལས་རིམ་ལྟ་བར་འོང་མི་ ཕ་རཱནསི་ལས་ སྐྱེས་ལོ་༥༥ ལང་མི་ ལྟ་བཤལཔ་ཅིག་གིས་ སླབ་མིའི་ནང་ ལས་རིམ་དེ་ སྤྲོ་བ་ཆེ་ཏོག་ཏོ་ཡོདཔ་མ་ཚད་ འབྲུག་གིས་ ཁྲུང་ཁྲུང་ཉམས་སྲུང་གི་དོན་ལུ་ ལཱ་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིན་པས།
ཨིན་རུང་ འཛུལ་འཐུས་སྤྲོད་པའི་ཤུལ་ལས་ ལས་རིམ་མ་རྫོགས་ཚུན་ ལོང་སྡོད་ནི་དེ་ འོས་འབབ་དང་ལྡན་ཏོག་ཏོ་ཅིག་ མ་མཐོང་ཟེར་ཨིན་པས།
ཚོགས་ཆུང་གི་འཐུས་མི་ ཕོབ་སྦྱིས་རྒཔོ་ རྒྱ་མཚོ་གིས་ སླབ་མིའི་ནང་ མི་སྡོད་ནི་གི་ རྐང་ཁྲི་ཚུ་ སྒང་སྟེང་རྒེད་འོག་གཉིས་ལས་ལེན་ཏེ་ བགོ་བཀྲམ་འབད་རུང་ ལྟ་བཤལཔ་མང་དྲགས་ནི་དེ་གིས་ ལང་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སང་ཕོད་ལས་འབད་བ་ཅིན་ སྡོད་སའི་ས་གོ་ཚུ་ཡང་ ག་ར་ལུ་ལངམ་སྦེ་ གྲ་སྒྲིག་འབད་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ ལས་རིམ་འགོ་འདྲེན་འཐབ་སའི་ ས་ཁོངས་ནང་ ལོ་བསྟར་ལྟདམོ་ལྟ་མིའི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ དུས་སྟོན་དེ་ ས་ཁོངས་སྦོམ་ནང་ འགོ་འདྲེན་འཐབ་དགོཔ་ འདུག་ཟེར་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༥ ལུ་ ཁྲུང་ཁྲུང་སྐེ་ནག་ སྡེ་ཚན་དང་པ་དེ་ ཕོབ་སྦྱིས་ཁ་ལུ་ ལྷོད་ཡོདཔ་ད་ ཕོབ་སྦྱིས་ཁའི་ ལུང་གཤོང་དེ་ གནམ་དགུན་ལུ་ ཁྲུང་ཁྲུང་འཁྱམས་སྡོད་སའི་ ས་གནས་གཙོ་བོ་ཅིག་ ཨིན་པའི་གནས་ཚུལ།
སངས་རྒྱས་མཚོ་མོ། བདེ་ཆེན་དབང་མོ། ཚེ་རིང་གཡུ་སྒྲོན།