༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་གཉེན་འབྲེལ་འཕྲི་སྣོན་དཔྱད་ཡིག་༢༠༢༤ ཅན་མའི་ ལྷག་ཐེངས་༣ པའི་གུ་ གསུང་གྲོས་གནང་ཐོག་ལས་ བཅའ་ཁྲིམས་གཞན་རིམ་སྒྲིག་སྟེ་ གཉེན་འབྲེལ་གྱི་ལོ་ཚད་ ཕོ་མོ་༢ ཆ་ར་ སྐྱེས་ལོ་༡༨ བཟོ་ཡོདཔ་ཨིན་པས།
ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཉི་ཤུ་-སྲས་ཕུག་གི་འཐུས་མི་ ཀུན་དགའ་གིས་ ཞུ་མིའི་ནང་ བཅའ་ཁྲིམས་བསྐྱར་ཞིབ་འབད་མི་ གནད་དོན་གཙོ་བོ་ར་ བཅའ་ཁྲིམས་ཚུ་དང་ གཅིག་མཚུངས་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གི་གཉེན་འབྲེལ་བཅའ་ཁྲིམས་༡༩༨༠ཅན་མ་དང་འཁྲིལ་བ་ཅིན་ གཉེན་འབྲེལ་གྱི་ ལོ་ཚད་ ཕོ་སྐྱེས་༡༨ དང་ ཨམ་སྲུ་༡༦ ཡོད་མི་དེ་ བཅའ་ཁྲིམས་གཞན་དང་ རྒྱབ་འགལ་ཡོད་མི་དེ་ཡང་ གཉེན་འབྲེལ་གྱི་ ལོ་ཚད་དེ་ ཕོ་མོ་༢ ཆ་ར་ སྐྱེས་ལོ་༡༨ ལང་དགོཔ་སྦེ་འདུག་ཟེར་ཞུ་ཡི།
ཀུན་དགའ་གིས་ ཞུ་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ ཁྲིམས་མཐུན་གྱི་ གཉེན་འབྲེལ་གྱི་ ལོ་ཚད་༡༨ སྦེ་ བརྩི་མཐོང་བསྐྱེད་ཡོད་རུང་ གཉེན་འབྲེལ་གྱི་ བཅའ་ཁྲིམས་ནང་ དྭངས་གསལ་ཐོག་ལས་ གསལ་བཀོད་འབད་དེ་ མིན་འདུག་ཟེར་ཨིན་པས།
འབྲུག་གི་མངོན་མཐོ་ཁྲིམས་འདུན་དང་ འབྲུག་ཉེས་འགེལ་ཁྲིམས་དེབ་ འབྲུག་གི་འགན་འཛིན་བཅའ་ཁྲིམས་༢༠༡༣ ཅན་མ་ དེ་ལས་ ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་ཚུ་ནང་ ཁྲིམས་མཐུན་གྱི་ གཉེན་འབྲེལ་སྐྱེས་ཚད་ ཕོ་མོ་༢ ར་ སྐྱེས་ལོ་༡༨ ཡོདཔ་ཨིན་པས།
ཚོགས་ཁང་འོག་མ་གིས་ འབྲུག་གི་གཉེན་འབྲེལ་བཅའ་ཁྲིམས་༡༩༨༠ཅན་མའི་དོན་ཚན་ ཁ་(༡.༡༤) པ་ འཕྲི་སྣོན་འབད་ཡོདཔ་བཞིན་དུ་ དོན་ཚན་དང་འཁྲིལ་བ་ཅིན་ ཆུང་གཉེན་རྐྱབ་མ་ཆོགཔ་ལས་ ཕོ་མོ་སྐྱེས་ལོ་༡༨ མ་ལང་མི་ཚུ་ལུ་ གཉེན་འབྲེལ་གྱི་ ལོ་ཚད་མ་ལང་མི་ལུ་བརྟེན་ གཉེན་ཐམ་མི་འཐོབ་ཟེར་ཨིན་པས།
དེ་འབདཝ་ལས་ ཕོ་སྐྱེས་དང་ ཨམ་སྲུ་༢ གཉེན་རྐྱབ་དགོ་པ་ཅིན་ སྐྱེས་ལོ་༡༨ ལང་དགོཔ་ད་ དེ་མེན་པ་ཅིན་ གཉེན་ཐམ་མི་འཐོབ་ནི་ཨིན་པས།
སྤྱི་ཚོགས་ཀྱིས་ གཉེན་འབྲེལ་གྱི་བཅའ་ཁྲིམས་དེ་ བསྐྱར་ཞིབ་འབད་དེ་ ལོ་༧ གྱི་ཤུལ་ལས་ བཅའ་ཁྲིམས་གཅིག་མཚུངས་མེད་པའི་ དཀའ་ངལ་ལུ་བརྟེན་ དོན་ཚན་༡ རྐྱངམ་གཅིག་ལུ་ གཙོ་རིམ་བཟུང་སྟེ་ འཕྲི་སྣོན་འབད་ཡོདཔ་ཨིན་པས།
གྲོས་འདེབས་དེ་ལུ་ འཐུས་མི་མང་ཤོས་ཅིག་གིས་ ངོས་ལེན་འབད་ཡི།
ཤེས་རིག་དང་རིག་རྩལ་བློན་པོ་ ཡིད་བཟང་ ཌི་ ཐཱ་པ་གིས་ སླབ་མིའི་ནང་ རྒྱལ་སྤྱིའི་ནང་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ ན་ལོན་སྦེ་ བརྩི་འཇོག་འབད་དོ་ཡོདཔ་བཞིན་དུ་ ལོ་ན་མ་སྨིན་ལས་ར་ ཨ་ལོ་སྐྱེས་རུང་ ལཱ་ཁག་བཏང་དོ་ཡོད་པའི་ཁར་ སེམས་ཁམས་ཀྱི་ནད་གཞི་འཐོབ་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ ལོ་ཚད་༡༨ དེ་ མ་བཏུབ་མིན་འདུག་ཟེར་ཨིན་པས།
སྐྱེངས་མཁར་-ཝེ་རིང་ལའི་འཐུས་མི་ རྡོ་རྗེ་དབང་མོ་གིས་ ཞུ་མིའི་ནང་ ད་རེས་ དོན་ཚན་ནང་ གཉེན་ཐམ་འཐོབ་དགོ་པ་ཅིན་ སྐྱེས་ལོ་༡༨ ལང་དགོཔ་སྦེ་རྐྱངམ་གཅིག་ བཀོད་དེ་ཡོདཔ་ལས་ དེ་ནང་ གཉེན་འབྲེལ་གྱི་ ལོ་ཚད་ཚུ་ཡང་ ཁ་གསལ་སྦེ་ བཀོད་དགོཔ་འདུག་ཟེར་ཨིན་པས།
བཀྲིས་ཆོས་གླིང་གི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ ཞུ་མིའི་ནང་ གཉེན་འབྲེལ་གྱི་བཅའ་ཁྲིམས་དེ་ སྤྱི་ལོ་༡༩༨༠ལུ་ དེ་བསྒང་གི་ གནས་སྟངས་དང་འཁྲིལ་ཏེ་ བརྩམས་གནང་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ཚོད་ དཀའ་ངལ་སྦོམ་ཅིག་ མ་ཐོན་རུང་ ད་རེས་ཀྱི་ གནས་སྟངས་དང་འཁྲིལ་ཏེ་ ཡོངས་རྫོགས་སྦེ་ འཕྲི་སྣོན་འབད་ མ་རན་ག་ཟེར་ཨིན་པས།
གཞུང་༢ པའི་སྐབས་ འབྲུག་གི་གཉེན་འབྲེལ་འཕྲི་སྣོན་བཅའ་ཁྲིམས་༢༠༡༦ ཅན་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ གསུང་གྲོས་གནང་ཡོད་རུང་ ཨམ་སྲུ་དང་ ཨ་ལོ་ཚོགས་ཚུང་གི་ གྲོས་འཆར་དོན་ཚན་༡༦ རྒྱབ་སྣོན་ཕུལ་མི་དེ་ ཆ་མེད་སོང་ཡོདཔ་ཨིན་པས།
ཚོགས་ཁང་གིས་ བཅའ་ཁྲིམས་དེ་ ཚར་༥ དེ་ཅིག་ ཕར་འགྱངས་འབད་ཡོདཔ་ད་ གཉེན་འབྲེལ་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནི་མེན་པར་ གཉེན་འབྲེལ་བཅའ་ཁྲིམས་གསརཔ་ བརྩམས་གནང་དགོཔ་སྦེ་ བཀོད་མི་དེ་ ད་ལྟོའི་ བཅའ་ཁྲིམས་དེ་ དུས་ཡོལ་སོང་པའི་ཁར་ མགུ་འཐོམ་ལེ་ཤ་བྱུང་མི་ལུ་བརྟེན་ཨིན་པས།
འབྲུག་གི་གཉེན་སྒྲིག་བཅའ་ཁྲིམས་༡༩༨༠དེ་ཡང་ ཚར་ལེ་ཤ་ཅིག་ར་ འཕྲི་སྣོན་འབད་ཡོདཔ་ད་ སྤྱི་ལོ་༡༩༩༦ ནང་ ཚོགས་བཞུགས་༧༤ ལུ་ བཅའ་ཁྲིམས་ཀྱི་དོན་ཚན་༤༦ འཕྲི་སྣོན་འབད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༩ ལུ་ བཅའ་ཁྲིམས་ཀྱི་དོན་ཚན་༡༠དང་ སྤྱི་ལོ་༢༠༠༠༥ ལུ་ དོན་ཚན་༦ དེ་ལས་ སྤྱི་ལོ་༢༠༠༦ ལུ་ བཅའ་ཁྲིམས་ཀྱི་དོན་ཚན་༡ འཕྲི་སྣོན་འབད་ནུག།
ད་རིས་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གནང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།