༉ ད་རེས་ནངས་པ་ ས་རིག་དང་ས་གཏེར་ལས་ཁུངས་ཀྱིས་ གཏེར་ཁ་དང་ས་གཏེར་དཔྱད་ཡིག་གསརཔ་ཅིག་ ཟིན་བྲིས་བཏབ་དོ་ཡོདཔ་ད་ དཔྱད་ཡིག་དེ་ཡང་ གཞུང་ལུ་ རྩིས་ལོ་༢༠༢༤-༢༥ ལུ་ ཕུལ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་མདོ་ཆེན་ ཕུན་ཚོགས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་ལྟོའི་མི་སྡེ་དང་ དཔལ་འབྱོར་ དེ་ལས་ རང་བཞིན་གནས་སྟངས་དང་ རིམ་སྒྲིག་ཐོག་ བཅའ་ཁྲིམས་དེ་ དུས་མཐུན་འབད་དགོཔ་ཡོད་ཟེར་ཨིན་པས།
འབྲུག་གིས་ མ་རྩ་གཞི་བཙུགས་སྦོམ་དང་ ས་གཏེར་ལས་སྡེ་ སྣ་མང་བཟོ་ནིའི་ ཐབ་ལམ་བཏོན་དོ་ཡོདཔ་ད་ གཏེར་ཁ་དང་ས་གཏེར་བཅའ་ཁྲིམས་དེ་ སྤྱི་ལོ་༡༩༩༥ ལུ་ ཆ་འཇོག་འབད་ཡོདཔ་ཨིན་པས།
དཔྱད་ཡིག་གསརཔ་གིས་ ད་ལྟོའི གཏེར་ཁ་དང་ས་གཏེར་འཛིན་སྐྱོང་གི་ སྒྲིག་གཞི་༢༠༢༢ ཅན་མ་གི་བར་ན་ སྟབས་མ་བདེཝ་ དམིགས་བསལ་དུ་ ཁྱད་ཚད་དང་ བདག་དབང་ཚད་གཞི་ དེ་ལས་ བཅའ་ཁྲིམས་༡༡༩༥ ནང་ དུས་ཡུན་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
ལས་ཁུངས་ཀྱི་གཙོ་རིམ་དེ་ འཆར་གཞི་༡༣ པའི་ ནང་འཁོད་ལུ་ དཔྱད་ཡིག་དེ་ ལོག་སྤྱི་ཚོགས་ནང་ ཕུལ་ནི་དེ་ཨིན་པས།
ཕུན་ཚོགས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ད་རེས་ དཔྱད་ཡིག་ཟིན་བྲིས་བཏབ་དོ་ཡོདཔ་ས་ འཕྲལ་མགྱོགས་ར་ འབྲེལ་ཡོད་ལས་སྡེ་ཚུ་དང་ ཞལ་འཛོམས་འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ ལས་ཁུངས་ཀྱིས་ བཅའ་ཁྲིམས་བསྐྱར་ཞིབ་འབད་བའི་སྐབས་ དེ་གིས་ ཁྲིམས་ཀྱི་ཕན་གནོད་ཚུ་ བརྟག་ཞིབ་འབད་འོང་ཟེར་ཨིན་པས།
གཏེར་ཁ་དང་ས་གཏེར་དཔྱད་ཡིག་༢༠༢༠ ཅན་མ་དེ་ སྤྱི་ཚོགས་ནང་ སྤྱི་ལོ་༢༠༢༠ ལུ་ ངོ་སྤྲོད་འབད་ཡོདཔ་ད་ ཨིན་རུང་ འཕྲི་སྣོན་གཙོ་བོ་ ས་གཏེར་ཐོབ་དབང་ བགོ་བཀྲམ་ནང་ ཁས་འཆམ་བྱུང་མ་ཚུགས་མི་ལུ་བརྟེན་ ཆ་འཇོག་གྲུབ་ མ་ཚུགསཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ གཏེར་ཁ་དང་ས་གཏེར་ ཚོང་འབྲེལ་འཐབ་ནི་དེ་ གཞུང་དབང་ལས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ མི་སྡེ་དཔལ་འབྱོར་གཏང་ནི་ལུ་ འོས་འབབ་ཡོད་མི་ ས་གཏེར་དེ་ གཞུང་དབང་ལས་སྡེ་དང་ འོས་འབབ་མེད་པའི་ ས་གཏེར་ཚུ་ སྒེར་སྡེ་གིས་ ལག་ལེན་འཐབ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ད་ལྟོའི་ གཏེར་ཁའི་བཅའ་ཁྲིམས་ཀྱིས་ གཞུང་དབང་ལས་སྡེ་དང་ སྒེར་སྡེ་༢ ཆ་ར་ལུ་ གཏེར་ཁ་གླ་ཁར་གཏང་ཆོགཔ་སྦེ་ ཡོདཔ་ཨིན་པས།
དཔྱད་ཡིག་བསྐྱར་ཞིབ་བྱ་སྒོ་ ཤ་ཆས་ཅིག་སྦེ་ གཏེར་ཁ་སྲིད་བྱུས་གཞི་བཀོད་བཟོ་ནི་ལུ་ ལས་ཁུངས་ཀྱིས་ གཏེར་ཁ་དང་ ས་གཏེར་ ལྕགས་ དེ་ལས་ ཡུན་བརྟན་གོང་འཕེལ་གྱི་ གཞུང་དང་གཞུང་གི་བར་ནའི་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གཏེར་ཁ་སྲིད་བྱུས་གཞི་བཀོད་བརྟག་ཞིབ་སྙན་ཞུ་དེ་ ཤུལ་མའི་ ཟླཝ་༢ ཀྱི་ནང་འཁོད་ལུ་ བཟོ་ཚར་ནི་ཨིན་པས།
རྒྱལ་ཁབ་འཐུས་མི་༨༥ གིས་ གྲོས་འཛོམས་དེ་ ཡུན་བརྟན་གཏེར་ཁ་ལག་ལེན་ཐོག་ལས་ ཡུན་བརྟན་གོང་འཕེལ་དང་ འགན་འཁྲི་ཅན་གྱི་ གཏེར་ཁ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
གཞུང་ཚུ་གི་བར་ནའི་གྲོས་འཛོམས་ཀྱི་ རང་བཞིན་གྲོས་སྟོན་པ་ ཀར་ལོསི་ ཨོར་ཊི་ག་གིས་ སླབ་མིའི་ནང་ བརྟག་ཞིབ་ཀྱིས་ མཁྱེན་རྒྱ་ཆེ་བའི་ བརྩི་མཐོང་དང་ འབྲུག་ལུ་ གཏེར་ཁ་དང་ས་གཏེར་བཅའ་ཁྲིམས་འཕྲི་སྣོན་འབད་ནི་ལུ་ རྒྱལ་སྤྱིའི་ལག་ལེན་དྲག་ཤོས་ཚུ་ ཐོབ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྟག་ཞིབ་ཀྱི་གཙོ་རིམ་ནང་ རྒྱབ་སྣོན་༣ བཀོད་མི་ལས་༢ འབྲུག་གི་ བཅའ་ཁྲིམས་དང་ སྲིད་བྱུས་དང་ གཙུག་སྡེ་ནང་ཡོདཔ་བཞིན་དུ་ གཏེར་ཁ་དང་ས་གཏེར་སྒོ་བསྡམས་བརྗེ་སོར་གྱི་ གཞི་ཚད་འཛིན་གྱི་ ཁྲིམས་དོན་ཁྱད་ཆོས་ཚུ་ལུ་ གཙོ་རིམ་བཟུང་ཡོདཔ་ད་ གཏེར་ཁ་སླར་གསོ་འཆར་གཞི་དང་ སླར་གསོ་མ་དངུལ་ཚུ་ བཟོ་ཚུགས་ནི་ཨིན་པས།
རྒྱབ་སྣོན་༣ པ་དེ་ མི་སྡེའི་དཔལ་འབྱོར་ཁེ་ཕན་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་བཞིན་དུ རྒྱལ་ཁབ་ནང་ གཏེར་ཁ་ཁེ་ཕན་ཚུ་ བརྗེ་སོར་འབད་ནི་ལུ་ ལྷན་ཐབས་བྱུང་ཚུགས་ནི་ཨིན་པས།
གཏེར་ཁ་སྲིད་བྱུས་གཞི་བཀོད་ནང་ བཅའ་ཁྲིམས་དང་ སྲིད་བྱུས་ དེ་ལས་ གཙུག་སྡེ་ དངུལ་འབྲེལ་ཁེ་ཕན་(ཁྲལ་དང་སྤྱོད་འཐུས་ སེམས་ཤུགས་མཐུན་རྐྱེན་) མི་སྡེའི་དཔལ་འབྱོར་ཁེ་ཕན་(མི་སྡེ་དང་ ཁེ་ཕན་བརྗེ་སོར) རང་བཞིན་གནས་སྟངས་འཛིན་སྐྱོང་(ཆུ་དང་ རླུང་ སྐྱེ་ལྡན་གནས་སྟངས་ ཕྱགས་སྙིགས་འཛིན་སྐྱོང་) གཏེར་ཁ་བཏོན་པའི་ཤུལ་ལས་(གཏེར་ཁ་སྒོ་བསྡམས་དང་ གཏེར་ཁ་བཏོན་པའི་ཤུལ་ལས་ ས་ཆ་ལག་ལེན་) དེ་ལས་ ལག་ཤེསཔ་དང་གཏེར་ཁ་ཆུང་བ་ཚུ་ཨིན་པས།
བརྟག་ཞིབ་ཀྱིས་ ལྕོགས་གྲུབ་དང་ འཐུས་མི་རྒྱལ་ཁབ་རེ་གི་ ཁྱད་པར་ཚུ་ ངོས་འཛིན་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ ཀར་ལོསི་ ཨོར་ཊི་ག་གིས་ བཤདཔ་ཨིན་པས།
འཆར་གཞི་༡༣ པའི་ འཆར་གཞི་དེ་ ས་གཏེར་ལས་སྡེ་གྱིས་ སྤྱི་ལོ་༢༠༢༣ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ དངུལ་ཀྲམ་ཐེར་འབུམ་༤.༦༣ ལས་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༩.༠༩ དེ་ཅིག་ ལྷན་ཐབས་འབད་ནི་གི་ རེ་བ་ཡོདཔ་བཞིན་དུ་ ལོ་བསྟར་འཕར་ཚད་བརྒྱ་ཆ་༡༡.༩ འབད་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།