༉ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ མགར་ས་ལ་ཡ་དང་ བུམ་ཐང་གི་བར་ན་ ཉིན་གྲངས་༥ འི་རིང་ ཨིསི་ནོ་མཱེན་བང་རྒྱུག་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ རྒྱལ་ཁབ་ཀྱི་ ས་ཁ་མཐོ་སའི་ མི་སྡེ་ཚུ་ལུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་སྐྱོན་ཚུ་ ཡར་སེང་སོང་ཡོད་པའི་ མངོན་གསལ་བྱུང་ནུག།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ བཤད་མིའི་ནང་ རང་བཞིན་གནས་སྟངས་འགྱུར་བགྲོད་འགྱོ་མི་ལུ་ ཚ་གྱང་ཚུ་ བཤད་པའི་ཁར་ ཉེན་ཁ་དེ་ མཉམ་རུབ་ཐོག་ལས་ དང་ལེན་འབད་དགོཔ་སྦེ་ བཤདཔ་ཨིན་པས།
འབྲུག་གིས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ དཀའ་ངལ་ཚུ་ ཧྲིལ་བུམ་སྦེ་ བསལ་ནི་དེ་ གདོང་ལེན་ཅན་ཅིག་ཨིནམ་ད་ བང་རྒྱུག་མི་ཚུ་གིས་ འཛམ་གླིང་མི་འབོར་དང་ དཔལ་འབྱོར་གནད་དོན་ལུ་བརྟེན་ མཉམ་རུབ་ཐོག་ལས་ དཀའ་ངལ་དེ་ མར་ཕབ་འབད་དགོཔ་སྦེ་ བཤདཔ་ཨིན་པས།
བང་རྒྱུག་གི་ ཕོ་སྐྱེས་དབྱེ་ཁག་ནང་ལས་ ཨང་པ་ཐོན་མི་ སངས་རྒྱས་དབང་ཕྱུག་གིས་ སྤྱི་ལོ་༢༠༢༢ ལུ་ ཁོ་ར་ ལས་རིམ་ནང་ འགོ་དང་པ་ བཅའ་མར་གཏོགས་མི་ལས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ད་རེས་ གནོད་སྐྱོན་མངམ་རྐྱབ་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིན་པས།
བང་རྒྱུག་འབད་བའི་སྐབས་ དྲོད་འོང་མི་ལུ་བརྟེན་ རྣམ་རྟོག་ལང་དགོཔ་བྱུང་ཡོདཔ་ད་ ཁོ་ར་ སྤྱི་ལོ་༢༠༢༢ ལུ་ བང་རྒྱུག་འབད་བའི་སྐབས་ སྒང་ལ་དཀར་ཅུང་གི་ས་ཁོངས་དེ་ གནམ་མེད་བསིལ་དྲགས་ཅིག་ཨིན་རུང་ ད་རེས་ ཚ་དྲོད་ཡོདཔ་སྦེ་ ཚོར་བ་བྱུང་ཡོདཔ་ལས་ ལོ་༢ ཀྱི་ནང་འཁོད་ལུ་ གནམ་གཤིས་བསྒྱུར་བཅོས་འགྱོ་མི་ལུ་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གངས་རི་གི་ གཙང་ཆུ་མང་ཤོས་ཅིག་ སྦོམ་ཐལ་མི་ལུ་བལྟ་བ་ཅིན་ ཁྱེགས་མཚོ་ཚུ་ མགྱོགས་དྲགས་སྦེ་ བཞུ་འགྱོ་བའི་བརྡ་མཚོན་སྟོན་དོ་ཡོདཔ་མ་ཚད་ ས་ཁོངས་ཚུ་ནང་ ཧེ་མ་དང་ཕྱདཔ་ད་ མི་དང་སེམས་ཅན་ཚུ་ ལེ་ཤ་འཁྱམས་སྡོད་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིན་པས།
སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ལ་མཐོ་སའི་ མི་སྡེ་ཚུ་ནང་ ཤིང་མངམ་སྦེ་ བཙུགས་དགོཔ་ཡོདཔ་ད་ རང་བཞིན་གནས་སྟངས་ལུ་ གནོད་པ་འབྱུང་ནི་ལས་ མར་ཕབ་དོན་ལུ་ གོང་འཕེལ་གྱི་ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ལ་ཡ་ལུ་སྡོད་མི་དང་ ཨིསི་ནོ་མཱེན་བང་རྒྱུག་ནང་ ཚར་༢ བཅའ་མར་གཏོགས་མི་ ཀརྨ་གཡང་སྒྲོན་གྱིས་ཡང་ ཚ་གྱང་ཚུ་ སངས་རྒྱས་བཟུམ་སྦེ་ར་ བཤད་ཡོདཔ་བཞིན་དུ་ གངས་ལ་དཀར་ཅུང་ས་ཁོངས་ནང་ འཁྱེགས་ཚད་གཅིག་ལས་བརྒལ་ ཆགས་ཏེ་མེད་པའི་ མངོན་གསལ་བྱུང་པའི་ཁར་ གངས་རི་ཚུ་ནང་ ཁཝ་དེ་ཅིག་ར་ ཆགས་ཏེ་མེདཔ་མ་ཚད་ ས་གོ་དེ་ནང་ གྱང་ནི་ཡང་ མིན་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་འབད་བ་ཅིན་ ག་ར་ལས་ མཉམ་འབྲེལ་དགོ་ནི་དང་ མོ་གིས་འབད་རུང་ མོ་རའི་གཡུས་ཁ་ལས་ཕར་ ཕྱགས་སྙིགས་ག་ལྷོད་སར་བཀོག་ནི་དང་ ཤིང་བཏོག་ནི་ལས་ འཛེམ་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་དོ་ཟེར་ཨིན་པས།
ལ་ཡ་ལུ་ གནས་སྟངས་དེ་ རྒྱ་ཆེ་དྲགས་སྦེ་ བསྒྱུར་བཅོས་སོང་ཡོདཔ་བཞིན་དུ་ ད་རེས་ནངས་པ་ དམའ་ས་ལུ་མཐོང་སྲོལ་ཡོད་མི་ གཟན་དོམ་ཚུ་ཡང་ ལ་ཡ་ལུ་ མཐོང་པའི་ཁར་ ཁཝ་ཅིག་རྐྱབ་རུང་ ཡུདཔ་ཐེངས་ཅིག་ནང་ར་ བཞུ་ཡོདཔ་མ་ཚད་ གནམ་དགུན་ལུ་ ས་མཐོ་སར་སྡོད་མི་ དག་པ་ཅིག་ལས་བརྒལ་ སྤུ་ན་ཁ་ལུ་ མི་འགྱོ་བས་ཟེར་ མོ་གིས་ བཤདཔ་ཨིན་པས།
བང་རྒྱུག་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཆུ་རུ་དང་ ས་རུད་མང་སུ་ ཐོན་ཡོདཔ་སྦེ་ མཐོང་ཡོད་མི་དེ་ཡང་ གནམ་གཤིས་འགྱུར་བགྲོད་ཀྱི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
ཇར་མ་ནི་ལས་ ལས་རིམ་ནང་ འགོ་དང་པ་ བཅའ་མར་གཏོགས་མི་ རོ་ཤཱན་ན་ བུ་ཅོ་བར་གྱིས་ ཨམ་སྲུ་དབྱེ་ཁག་ལས་ ཨང་པ་ཐོན་ཡོདཔ་ད་ མོ་གིས་ཚ་གྱང་དེ་ གནམ་གཤིས་འགྱུར་བགྲོད་ལུ་ འཛམ་གླིང་ནང་ གནོད་པ་བྱུང་ནི་དེ་ཨིན་པས།
མོ་གིས་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ དམིགས་བསལ་དུ་ འཛམ་གླིང་གི་བྱ་སྤྱོད་ཀྱིས་ ལྷག་པར་དུ་ ནུབ་ཕྱོགས་ནང་ གནམ་གཤིས་འགྱུར་བགྲོད་ཀྱིས་ མི་ཚུ་ལུ་ གནོད་པ་བྱུང་མི་ཚུ་ མཐོང་ནི་འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
དུས་ཚོད་མ་ཕྱིསཔ་ལས་ར་ ང་བཅས་ཀྱིས་ མི་ཚེ་ཉེན་སྐྱོབ་འབད་ནི་ལུ་ ཐབས་ལམ་ཚུ་ བཏོན་དགོཔ་ཁག་ཆེ་ཟེར་ མོ་གིས་ བཤདཔ་ཨིན་པས།
རོ་ཤཱན་ན་གིས་ འབྲུག་ལུ་འོང་མི་དེ་ འགོ་དང་པ་ཨིནམ་ད་ ཐོག་ཚད་མི་ཊར་༥,༠༠༠ དེ་ཅིག་ནང་ བང་རྒྱུག་ནི་ལུ་ གདོང་ལེན་བྱུང་ཡོད་རུང་ མོ་གིས་འབད་བ་ཅིན་ བང་རྒྱུག་དེ་ གཞན་དང་མ་འདྲ་བའི་ ཉམས་མྱོང་དང་ ངལ་རངས་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
རོ་ཤཱན་ན་གིས་ འབྲུག་ལུ་ ཧེ་མ་ལས་ར་ འོང་ནི་གི་ རེ་བ་བསྐྱེད་སྡོད་མི་དེ་ གྲུབ་ཚུགས་ཡོདཔ་ད་ འབྲུག་པའི་མི་ཚུ་ མཐུན་ཏོག་ཏོ་ཅིག་ཡོད་པའི་ཁར་ རང་བཞིན་གནས་སྟངས་འབད་རུང་ འཛེས་ཏོག་ཏོ་དང་ ཡིད་ཁར་འོང་ཏོག་ཏོ་ཡོད་མི་ཚུ་ བལྟ་ཚུགས་ནི་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྤྱི་ལོ་༢༠༢༤ གི་ ཨིསི་ནོ་མཱན་བང་རྒྱུག་ལས་རིམ་དེ་ གདོང་ལེན་ཅན་ཅིག་སྦེ་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
དུས་ཅི་གི་ ལས་རིམ་ནང་ རྒྱལ་སྤྱི་ལས་ བང་རྒྱུག་མི་༡༦ གིས་ མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཡོདཔ་ད་ ལས་རིམ་དེ་ སྤྱི་ལོ་༢༠༢༢ ལས་ ཡར་དྲག་སོང་མི་དེ་ཡང་ དེ་བསྒང་ རྒྱལ་སྤྱི་བང་རྒྱུག་མི་ མང་ཤོས་ཅིག་གིས་ མཇུག་བསྡུ་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement