༉ རྒྱལ་ཡོངས་ཚོགས་འདུའི་ སྤྱི་ཚོགས་༤ པའི་ ཚོགས་བཞུགས་ཐེངས་༢ པ་དེ་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ འཚོགས་ནི་ཨིནམ་དང་འབྲེལ་ དཔྱད་ཡིག་དང་ གྲོས་དོན་ དེ་ལས་ སྲིད་བྱུས་དུས་མཐུན་གུ་ གསུང་གྲོས་གནང་ནིའི་ ལས་རིམ་ཡོདཔ་ཨིན་པས།
གནམ་དགུན་གྱི་ཚོགས་བཞུགས་ནང་ འབྲུག་གི་སྤྱི་ཚོགས་འཐུས་མིའི་ ཐོབ་ཐང་དཔྱད་ཡིག་གུ་ གྲོས་བསྡུར་གནང་ཐོག་ལས་ འཐུས་མི་ཚུ་གི་ ཐོབ་ཐང་གནད་དོན་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འོགམ་ སངས་མཁའ་འགྲོ་གིས་ སླབ་མིའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དང་ མ་མཐུནམ་ཡོད་མི་ཚུ་ བསལ་ཐབས་ལུ་ ཧེ་མ་ མི་མང་གིས་ སྐྱོན་བརྗོད་འབད་མི་ སྤྱི་ཚོགས་འཐུས་མིའི་ཐོབ་ཐང་དཔྱད་ཡིག་དེ་ བསྐྱར་ཞིབ་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཔྱད་ཡིག་གི་ དམིགས་ཡུལ་གཙོ་བོ་ར་ འཐུས་མི་ཚུ་གི་མཐའ་དོན་རྐྱངམ་གཅིག་མེན་པར་ སྤྱི་ཚོགས་ཀྱི་ འགན་ཁུར་ཡར་དྲག་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁྲིམས་བཟོའི་ཚོགས་ཆུང་གི་ཁྲི་འཛིན་འོགམ་ དམ་ཆོས་བསྟན་འཛིན་གྱིས་ སླབ་མིའི་ནང་ ལམ་ལུམ་ནང་ སྟབས་མ་བདེཝ་ཚུ་ སེལ་ཐབས་ལུ་ དཔྱད་ཡིག་གུ་ གྲོས་བསྟུན་མ་རབས་ཅིག་ འབད་ཡི་ཟེར་ཨིན་པས།
གནམ་དགུན་གྱི་ ཚོགས་བཞུགས་ནང་ དཔྱད་ཡིག་གཞན་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་འཕྲི་སྣོན་དཔྱད་ཡིག་༢༠༢༤ ཅན་མ་གུ་ གསུང་གྲོས་གནང་ནི་དེ་ཡང་ ད་ལྟོའི་ ཁྲལ་གཞི་བཀོད་དུས་མཐུན་དང་ གཞི་སྒྱུར་འབད་ནི་ལུ་དམིགས་ཏེ་ཨིནམ་ད་ སྒོ་ནོར་སེམས་ཅན་ གསོ་སྐྱོང་འབད་མི་ཚུ་ལུ་ ཁྲལ་ཡངས་ཆག་གཏང་ནིའི་དོན་ལུ་ ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་༢༠༢༤ ཅན་མའི་གུ་ལུ་ཡང་ གསུང་གྲོས་གནང་ནི་ ལས་འཆར་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞི་གཡོགན་ཚུ་གི་དབྱེ་ཞིབ་བརྟག་ཞིབ་རིམ་ལུགས་བསྐྱར་ཞིབ་འབད་དེ་ ཞི་གཡོགཔ་ཚུ་གི་ གྲུབ་འབྲས་བསྟར་ཞིབ་ཀྱི་དོན་ལས་ ལག་ལེན་འཐབ་མི་ བེལ་ཀརཔ་ཟེར་མི་དེ་ ཆ་མེད་གཏང་དགོ་པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་འབད་ནི་ཨིན་པས།
ནུས་ཤུགས་དང་རང་བཐོན་སྐྱེན་སྐྱེད་བློན་པོ་ མགོནམ་ཚེ་རི་གིས་ མི་སེར་གྱི་ ས་ཆ་ནང་ཚུད་པའི་ གློག་མེའི་ཀཝ་དང་ གློག་ཐག་ལུ་བརྟེན་ མི་སེར་ཚུ་ལུ་ སྟབས་མ་བདེཝ་ཡོད་པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་འབད་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དེ་ལས་ ཧེ་མའི་ ཚོགས་བཞུགས་ནང་་ གསུང་གྲོས་གནང་མི་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་གི་ རྒུད་འཐུས་ཀྱི་སྐོར་ལས་ སོ་ནམ་བློན་པོ་གིས་ དུས་མཐུན་སྙན་ཞུ་འབད་ནི་ཨིན་པས།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ཚོགས་ཁང་ནང་ གསོ་བའི་ཞབས་ཏོག་གཏང་དགོཔ་དང་ དངུལ་རྩིས་བློན་པོ་ ལས་ཀྱི་རྡོ་རྗེ་གིས་ འདེམས་ཁོངས་གོང་འཕེལ་ནང་སྦྱིན་གྱི་ མ་དངུལ་དགོ་པའི་ གྲོས་ཆོད་དང་ལེན་སྙན་ཞུ་འབད་ནི་ཨིན་པས།
དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞི་གི་ གྲོས་འདེབས་ཚུ་ གསལ་ཞུ་འབད་ནི་ཨིནམ་བཞིན་དུ་ མ་དངུལ་འཛིན་གྲོས་དང་ གྲོས་བསྟུན་སྐབས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ སྟབས་མ་བདེཝ་བཤད་མི་ཚུ་ སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ སྤྱི་ལོ་༢༠༢༤ འི་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ཕུལ་མི་ཚུ་ ཕུལ་ནི་ཨིན་པས།
དེ་ལས་ ཨམ་སྲུ་དང་ཨ་ལུའི་ན་གཞོན་ཚོགས་ཆུང་གིས་ ཉེན་སྲུང་དང་ལྡན་པའི་ མི་སྡེ་བཟོ་ནིའི་དོན་ལས་ དགོས་མཁོའི་བརྟག་ཞིབ་སྙན་ཞུ་དང་ གནམ་དགུན་གྱི་ ཚོགས་བཞུགས་ནི་ ཀྲོང་གསར་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནི་ཨིནམ་དང་ སྒོ་བསྡམ་ཞིནམ་ལས་ སློབ་གྲྭ་དེ་ ག་ཅི་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ནའི་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།
རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་ བཅའ་ཁྲིམས་དང་ དངུལ་ཕོགས་སྒྲིག་བཀོད་བཅའ་ཁྲིམས་འཕྲི་སྣོན་ དེ་ལས་ གཞུང་གིས་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་༢༠༢༢ ཅན་མའི་དོན་ཚན་༡༩ དང་༢༠ པ་ འཕྲི་སྣོན་དང་ ཆུ་ཞིང་དང་སྐམ་ཞིང་གི་ གནས་གོང་ཚད་མེད་ཚུ་ དག་བཅོས་འབད་དགོ་པའི་ གྲོས་དོན་ཚུ་གུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་བའི་ཤུལ་ལས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ བརྒྱ་ཆ་༢༠ ལས་བརྒལ་ ལེན་ནི་མེད་མི་དང་ བརྒྱ་ཆ་༨༠ ལུས་ཡོད་མི་ཚུ་གི་སྐོར་དང་ ཤེས་རིག་དང་འབྲེལ་བའི་གནད་དོན་ཚུ་གུ་ གྲོས་ཆོད་ཀྱི་ གྲོས་དོན་ཚུ་ཡང་ ཕུལ་ནི་ཨིན་པས།
སྤྱི་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུའི་གུ་ བསྐྱར་ཞིབ་སྙན་ཞུ་ཚུ་ཕུལ་ཏེ་ གསུང་གྲོས་གནང་ནི་ཨིན་པས།
གནམ་དགུན་གྱི་སྤྱི་ཚོགས་དེ་ སྤྱི་ཟླ་༡༢ པའི་ཚེས་༡༡ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement