༉ ད་རེས་ནངས་པར་ ན་གཞོན་སློབ་ཕྲུག་ཨ་ལུ་ཚུ་ སློབ་གྲྭའི་དུས་ཚོད་མཇུག་བསྡུ་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ཐོན་ དེ་ལས་ ཆ་རོགས་ཚུ་དང་གཅིག་ཁར་ སྤྲོ་འཁྱམས་འབད་དེ་ དགའ་ཉམས་སྐྱོང་པའི་ དུས་ཚོད་ཅིག་ཨིན།
གནམ་དགུན་ཐོན་པའི་བསྒང་ལས་ ན་གཞོན་སློབ་ཕྲུག་ཨ་ལུ་ཚུ་ སེམས་དགའ་བའི་ དུས་ཚོད་ཅིག་འབདཝ་ལས་ ནོར་ཐབ་ཤོར་དོ་བཟུམ་སྦེ་ ཁྲོམ་ཁ་ལས་ཕར་ བཤལ་ནིའི་དུས་ཚོད་དེ་ཡང་ ད་རེས་ཨིན།
ད་རེས་ནངས་པར་ རྫོང་ཁག་མཐའ་དབུས་མེད་པའི་ན་གཞོན་ སློབ་ཕྲུག་ཨ་ལུ་ཚུ་ ད་ལྟོ་ཚུན་ སྤྱི་ཟླ་༢ པ་ལས་འགོ་བཙུགས་ སྤྱི་ཟླ་༡༢ པའི་ཚེས་༡༨ ཀྱི་ནང་འཁོད་ལུ་ སེམས་ཁར་ཚ་གྱང་འབག་སྟེ་ སློབ་སྦྱོང་འབད་སྡོད་ནི་དེ་གིས་ སློབ་སྦྱོང་འབད་ནི་ལུ་ བསྲུན་འཚེར་ཐོག་ དབངམོ་ངལ་དོ་ཡོདཔ་ཨིན།
སློབ་སྦྱོང་གི་སྐབས་ལུ་ ཉིན་མ་སློབ་ཁང་ནང་ འགྱོ་དགོ་མི་དང་ ཕྱི་རུ་སློབ་ཁང་ནང་ལས་ བཏང་པའི་བསྒང་ལས་ ཉིན་མ་སློབ་སྟོན་འབད་མི་ཚུ་ སྐྱོར་སྦྱང་འབད་དགོ་ནི་དང་ སློབ་དཔོན་གྱིས་ ཁྱིམ་ལཱ་བྱིན་མི་ཚུ་ ཁྱིམ་ལཱ་འབད་དགོ་མི་ལུ་བརྟེན་ བཙར་མ་ཚར་བར་ འདུ་འཛིའི་ངང་ལུ་ར་ སྡོད་དོ་ཡོདཔ་ཨིན།
སློབ་དུས་ཟླཝ་༩ ལྷགཔ་ཅིག་གི་རིང་ ཁོང་ཆ་ཁྱབ་ སེམས་བག་གཡེང་མ་ཤོར་བར་ རང་གི་ཡོན་ཏན་ལུ་ བརྩོན་དགོ་ནི་དེ་གིས་ རེ་གཉིས་རེ་མ་གཏོགས་ མང་ཤོས་ཅིག་ བྱ་སྤྱོད་ངན་པའི་དབང་ལུ་ མ་ཐལ་བར་སྡོད་ཚུགས་པས།
ཨིན་རུང་ གནམ་དགུན་ངལ་གསོའི་སྐབས་ལུ་ ཕམ་ཚུ་གིས་ ན་ཐན་དྲནམ་བཏོན་ཏེ་ མ་འབདཝ་འདྲཝ་འབད་བ་ཅིན་ བུ་ལང་ཤོར་བཏང་པ་གཅེས་ཕྲུག་མེན་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ ངན་པའི་དབང་ལུ་ ཐལ་ནིའི་ཉེན་ཁ་ཡོད།
ག་འཆརཔ་ཟེར་བ་ཅིན་ ན་གཞོན་ཚུ་ མནོ་ནི་ལེགས་ཤོམ་སྦེ་ བཏགས་མ་ཚུགས་པའི་ ན་གཞོན་ཅིག་འབདཝ་ལས་ ཁོང་ར་ ཉམས་དགའ་བའི་ཞོར་ཁ་ ན་གཞོན་ཚུ་ གཅིག་ཁར་བསྡོམས་ཞིནམ་ལས་ བྱ་སྤྱོད་ངན་པའི་ ལཱ་འབད་ནིའི་ཉེན་ཁ་ཡང་ སྦོམ་ར་འདུག།
འདས་པའི་རིང་ལུ་ཡང་ ན་གཞོན་ཚུ་གིས་ མཉམ་བསྡོམས་ཐོག་ལས་ བྱ་བ་ངན་པའི་ ལཱ་འགོ་བརྩམས་མི་ལུ་བརྟེན་ ཉེས་བྱ་ཡང་ཕོག་སྟེ་ ན་གཞོན་གྱི་མི་ཚེའི་གནས་སྟངས་ལུ་ བར་ཆད་བྱུང་སྟེ་ཡོདཔ་ཨིན།
ན་གཞོན་ཚུ་གིས་ ཕྱོགས་ཕྱོགས་སྦེ་ སྡེ་ཚན་བཟོ་ཞིནམ་ལས་ ཧེ་མ་ སྟབས་མ་བདེཝ་ཨ་ཙི་རེ་ཐོན་མི་ཚུ་ སེམས་ཁར་བཞག་སྟེ་ ངལ་གསོའི་སྐབས་ ཆ་རོགས་ཚུ་ཁྱིད་དེ་ འཐབ་འཛིང་འབད་མི་གིས་ ལ་ལུ་ཅིག་ལུ་ རྨ་སྐྱོན་དང་ ཚེ་སྲོག་ལུ་ཡང་ བར་ཆད་བྱུང་པའི་ ལོ་རྒྱུས་ཚུ་ཡོདཔ་ལས་ དྲན་ཤེས་བཏོན་དགོཔ་དེ་ཡང་ གལ་ཆེ་ནི་མས།
དེ་ལས་ ན་གཞོན་ཚུ་གིས་ སྨྱོ་རྫས་དང་ སྨྱོ་ཆང་ལུ་ཤུགས་ཐལ་ཏེ་ བྱ་བ་ངན་པའི་ ལཱ་ལེ་ཤ་ཅིག་ར་འབད་དོ་ཡོདཔ་ལས་ དེ་གིས་ བདག་གཞན་གཉིས་ཆ་ར་ལུ་ གནོད་པ་སྦོམ་ར་འདུག། སྤྱིར་བཏང་ན་གཞོན་ཚུ་ ངོ་རྐྱང་གི་ཐོག་ལས་ བྱ་ངན་འབད་བའི་ མནོ་འདོད་མེད་རུང་ སྡེ་ཚན་གྱི་གྲས་ཁར་ཚུད་པའི་བསྒང་ལས་ གཅིག་གིས་གཅིག་ལུ་ བློ་བསྐུལ་འབད་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ ཡུན་རིང་གི་ མི་ཚེའི་གནས་སྟངས་དེ་ར་ མེདཔ་བཏང་སར་མཐོང་མས།
སློབ་གྲྭ་ནང་ལས་ ངལ་གསོ་མ་བཏང་པའི་ཧེ་མར་ སློབ་གྲྭ་ཁག་སོ་སོ་གི་ སློབ་དཔོན་དང་ སློབ་དབུ་འཛིན་ཚུ་གིས་ ཚ་གྱང་འབག་སྟེ་ སློབ་ཕྲུག་ན་གཞོན་ཚུ་ལུ་ ངལ་གསོའི་སྐབས་ རང་ལུ་དགོ་པའི་ ཡོན་ཏན་ཚུ་ ལྷབ་སྦྱང་འབད་ནི་དང་ ཕམ་ལུ་ཆ་རོགས་འབད་ནི་ལུ་ རྩ་འགེངས་དགོཔ་མ་གཏོགས་ སེམས་བག་གཡེང་ཤོར་ཏེ་ ཆ་རོགས་ངན་པའི་དབང་ལུ་ ཐལ་བཅུག་ནི་མི་འོང་ཟེར་ ཡང་ལས་ཡང་དུ་ བསླབ་བྱ་གནངམ་མ་ཚད་ དུས་ནམ་ར་འབད་རུང་ སྨྱོས་ཆང་ཚུ་ལུ་ལོང་སྤྱོད་ནི་དེ་ རྩ་ལས་ར་འབད་ནི་མི་འོང་ཟེར་ དྲན་གསོ་འབད་དེ་ སློབ་གྲྭ་ནང་ལས་ གནམ་དགུན་གྱི་ ངལ་གསོ་བཏངམ་ཨིན་མས། ཨིན་རུང་ ན་གཞོན་ཚུ་ ལོ་དང་ན་ཚོད་ཆུང་ནི་དེ་གིས་ བསླབ་བྱ་བཟང་པོ་གནང་མི་དེ་ སེམས་ལས་བརྗེད་དེ་ བྱ་སྤྱོད་ངན་པ་ལུ་ ཤུགས་ཐལཝ་མས།
དེ་འབདཝ་ལས་ ཟླཝ་༩ ལྷགཔ་ཅིག་གི་རིང་ སློབ་དཔོན་ཚུ་གིས་ བདག་འཛིན་འཐབ་པའི་ཤུལ་ལུ་ དགུན་ངལ་གསོའི་སྐབས་ འགན་ཁུར་དེ་ ཨ་ལུ་གི་ཕམ་ཚུ་ལུ་ཕོགཔ་ཨིན།
ཕམ་ཚུ་གིས་འབད་རུང་ ཆུ་མ་བརྒལ་ཟམ་གྱི་སྦུག་དང་ ལ་མ་བརྒལ་ལ་རྩེ་གུ་ལུ་ སྡོད་པའི་སྐབས་ རང་གི་ཨ་ལུ་ཚུ་ སྣང་མེད་སྦེ་མ་བཏང་པར་ ཁ་ནང་བལྟས་སུ་ བཀུག་སྟེ་འབད་བ་ཅིན་ ལེགས་ཤོམ་འོང་།
བཅོ་ཁ་རྐྱབ་ས་ཡོད་པའི་སྐབས་ལུ་ དྲན་མེད་སྦེ་སྡོད་པའི་ལཱ་ཤུལ་དེ་ ནམ་ཅི་གི་ཚེ་ ཨ་ལུ་ཚུ་གིས་ བྱ་ངན་ནང་ཚུད་དེ་ འབད་བའི་བསྒང་ལས་ ཐབས་ཤེས་གནས་སྐབས་ག་དེ་སྦེ་བཏོན་རུང་ འདི་ལུ་བཅོ་ཐབས་ཟེརཝ་ རྩ་ལས་ར་མི་འོང་ཟེར་མནོཝ་མས།
ན་གཞོན་ཚུ་ བདག་འཛིན་འཐབ་ནའི་འགན་ཁུར་དེ་ ང་བཅས་ཕམ་ཚུ་ལུ་ཕོག་སྟེ་ཡོདཔ་ལས་ རང་གི་བུ་གཞི་ ཁྱུན་ཐོན་དགོ་པ་ཅིན་ ཕམ་བཟང་བའི་བསླབ་འདི་ཡང་ ཁག་ཆེཝ་སྦེ་ཡོདཔ་ལས་ གནམ་དགུན་གྱི་ངལ་གསོ་དེ་ ཕམ་ཚུ་ལུ་ འགན་ཁུར་ཐེབས་ཅིག་ར་ཕོག་སྟེ་འདུག།