༉ རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་འཕྲི་སྣོན་དཔྱད་ཡིག་དེ་ གནམ་བྱཱར་གྱི་ཚོགས་བཞུགས་ནང་ གསུང་གྲོས་གནང་དགོ་པའི་ གྲོས་དོན་ཕུལ་ཡི།
གྲོས་དོན་དེ་ཡང་ འཐུས་མི་༣༢ ཀྱིས་ དཔྱད་ཡིག་དེ་ལུ་ ངོས་ལེན་དང་ འཐུས་མི་༧ གྱིས་ འཛེམ་ཡོདཔ་ད་ འཐུས་མི་༢ ཀྱིས་ མི་དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་ མང་མོས་ཐོག་ལས་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ གཞུང་ལུ་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ དང་ དེ་དང་འབྲེལ་བའི་ ཞི་གཡོག་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་༢ ཡོངས་རྫོགས་སྦེ་ བསྐྱར་ཞིབ་དང་ འཕྲི་སྣོན་འབད་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
འཐུས་མི་ཚུ་གི་ཁ་ཐུག་ལས་ མོང་སྒར་གྱི་འཐུས་མི་ གནས་བརྟན་དབང་ཕྱུག་གིས་ ད་ལྟོའི་བཅའ་ཁྲིམས་དང་ རྟགས་མ་མཐུན་པར་ཡོདཔ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ཐོབ་ཐངས་དང་ ཞི་གཡོག་ཚུ་གི་འཐུས་དང་ ཁེ་འཐུས་ དོན་གཅོད་ཡིག་ཚང་ལ་སོགས་པ་ཚུ་ལུ ཐོ་ཕོག་སྟེ་ འདུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ དང་ ཞི་གཡོག་བསྐྱར་བཟོའི་བཅའ་ཁྲིམས་༢༠༢༣ ཅན་མ་གིས་ ཐད་ཀར་དུ་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་༢༠༠༨ དང་ སྤྱི་ཚོགས་ཀྱི་འཐུས་མི་ཐོབ་ཐངས་བཅའ་ཁྲིམས་དང་ གཅིག་མཚུངས་ཡོདཔའི་ཁར་ དངུལ་རྩིས་ལྷན་ཁག་གི་ ཁྱབ་བསྒྲགས་འབད་མི་ནང་ཡང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༠(༨) ལས་ཡང་ འགལ་བ་འདུག་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༠(༨) ཅན་མ་དང་འཁྲིལ་བ་ཅིན་ འཛིན་སྐྱོང་ལྷན་སྡེ་གིས་ སྤྱི་ཚོགས་ཀྱིས་ བརྩམས་པའི་ཁྲིམས་ ཡང་ན་ ཁྱབ་དབང་ཡོད་པའི་ཁྲིམས་ གང་རུང་ཅིག་གི་ དགོངས་དོན་དང་མ་མཐུན་པ་ ཡང་ན་ བསྒྱུར་བཅོས་ཁྲད་པར་བཟོ་ ཆ་མེད་འགྱུར་སྲིད་པའི་ འཛིན་སྐྱོང་བཀའ་རྒྱ་ཁྱབ་བསྒྲགས་ ཡང་ན་ བཅའ་ཡིག་ བརྡ་བསྐུལ་ཚུ་ གང་ཡང་བཏོན་མི་ཆོག་ཟེར་ཨིན་པས།
གནས་བརྟན་དབང་ཕྱུག་གིས་ ཞུ་མིའི་ནང་ དངུལ་ཕོགས་བཅའ་ཁྲིམས་༢༠༢༢ དང་༢༠༢༣ ཅན་མ་གིས་ ནང་འཁོད་དང་ ཕྱི་ནང་ཡོད་མི་ ཞི་གཡོག་མང་ཤོས་ལུ་ ངལ་གསོ་དང་ འཐུས་དང་འབྲེལ་བའི་ སྟབས་མ་བདེཝ་དང་ གཅིག་མཚུངས་མེད་པའི་ དཀའ་ངལ་ཚུ་ བྱུང་སྟེ་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ སྣུམ་འཁོར་ཐོབ་སྐལ་དང་ ཁྲལ་དགོངས་ཡངས་ཆ་མེད་ དུས་ཐེབས་ཀྱི་འཐུས་ཁྱབ་ཚད་ ཡོངས་རྫོགས་སྦེ་ མེད་པའི་དཀའ་ངལ་ བརྒྱུད་འབྲེལ་འཐུས་ཆ་མེད་བཏང་བ་ དེ་ལས་ ཕྱི་འབྲེལ་གཞུང་ཚབ་ཡིག་ཚང་གི་ དཀའ་ངལ་ རང་སྐལ་གྱི་ དངུལ་སྤྲོད་མ་ཚུགསཔ་ལས་ གསོ་བའི་ཉེན་བཅོལ་དང་མཐུན་རྐྱེན་ཚུ་ སྤྱོད་མ་ཚུགསཔ་ སྐྱེལ་འདྲེན་གླ་ཆ་མེད་པའི་དཀའ་ངལ་ལ་སོགས་པ་ཚུ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཞི་གཡོགཔ་གི་ ངལ་གསོའི་འཐུས་དེ་ ཟླ་རིམ་གནང་ནི་སྦེ་ བཟོ་ཡོདཔ་མ་ཚད་ ལོ་གཅིག་གི་ནང་འཁོད་ ཉིནམ་༢༡ ངེས་པར་དུ་ ངལ་གསོ་སྡོད་དགོཔ་ཨིནམ་ད་ ངལ་གསོ་གནང་ནི་གི་ ལམ་ལུགས་གསརཔ་ལུ་བརྟེན་ ཞི་གཡོགཔ་མ་ལང་མི་ གཙུག་སྡེ་ཚུ་ལུ་ ཐོ་སྦོམ་སྦེ་ར་ཕོག་སྟེ་འདུག་ཟེར་ གནས་བརྟན་དབང་ཕྱུག་གིས་ ཞུ་ཡི།
བློན་པོའི་ལྷན་རྒྱས་དང་ ལྷན་རྒྱས་དང་འདྲ་མཉམ་གྱི་ གོ་གནས་འཆང་མིའི་ ཕྱག་ཞུ་འགྱོ་མི་ ལས་བྱེདཔ་ཚུ་ལུ་ ཉིན་བསྟར་གྱི་འཐུས་བརྒྱ་ཆ་༢༠ ལུ་ མར་ཕབ་མི་དེ་ཡང་ ཕྱག་ཞུ་འགྱོ་བའི་སྐབས་ བཞེས་སྒོ་དང་ སྡོད་གནས་ དེ་ལས་ དགོས་མཁོ་གཞན་ཚུ་ ཐོབ་མི་ལུ་བརྟེན་ཨིནམ་ད་ གླ་ཆ་མར་ཕབ་འབད་ནི་དེ་ ལཱ་འདྲ་མཉམ་འབད་མི་ལུ་ གླ་ཆ་འདྲ་མཉམ་སྤྲོད་དགོ་ཟེར་བའི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ ཁྲིམས་ཀྱི་དོན་ཚན་ཚུ་ལས་ འགལ་བ་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒེད་འོག་གནང་འཁོད་ཀྱི་ འགྲོ་འགྲུལ་དང་ ས་གནས་ག་ཏེ་འགྱོ་རུང་ ཞག་ཕར་ལུ་མ་སྡོད་པ་ཅིན་ ཉིན་བསྟར་འཐུས་ མ་འཐོབ་སྦེ་ བཟོ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ཞི་གཡོགཔ་ནང་འཛུལ་ཏེ་ ལོ་༧ གྱི་བར་ན་ ཐོབ་སྲོལ་ཡོད་པའི་ ཁྲལ་དགོངས་ཡངས་ཆག་གི་ སྣུམ་འཁོར་ཉོ་ནི་དང་ ཅ་ཆས་གཞན་ཚུ་ ཐོབ་ནི་མེདཔ་ལས་ ཞི་གཡོག་ཚུ་གི་ སེམས་ཤུགས་ཉམས་ནི་དང་ མི་སྡེ་འགྲོ་འགྲུལ་ཞབས་ཏོག་ འཇོན་ཐངས་ཅན་ཅིག་སྦེ་མེདཔ་ལས་ མི་མང་ཞབས་ཏོག་ ཕུལ་ནི་ལུ་ ཐོ་ཕོགས་སྲིད་ནི་ཨིནམ་ལས་ སྣུམ་འཁོར་ཐོབ་སྐལ་ཚུ་ བྱིན་དགོཔ་འདུག་ཟེར་ཨིན་པས།
གནས་བརྟན་དབང་ཕྱུག་གིས་ ཞུ་མིའི་ནང་ ཞི་གཡོགཔ་གི་ དུས་འཐེབ་ཀྱི་འཐུས་དེ་ ཞི་གཡོག་སྡེ་རིམ་ ཨེསི་༥ འོག་རྒྱུའི་ གོ་གནས་འཆང་མི་ཚུ་ལུ་མ་གཏོགས་ ཞི་གཡོག་གཞན་ཚུ་ལུ་ འཐུས་མེདཔ་བཞིན་དུ་ གཙུགསྡེ་དང་ ལས་སྡེ་ ལ་ལོ་ཅིག་གིས་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༩ ཚུན་ཚོད་ བདུན་ཕྲག་རེ་ནང་ ཉིནམ་༦ ལཱ་འབད་དགོཔ་སྦེ་ཡོདཔ་ལས་ དུས་ཡུན་རིངམོ་སྦེ་ ལཱ་འབད་ཡོདཔ་ལས་ འབྲུག་གི་ལས་མི་དང་ལཱ་གཡོག་བཅའ་ཁྲིམས་༢༠༠༧ དང་ ལཱ་གཡོག་གི་སྒྲིག་གཞི་དང་འགལ་བ་ཡོདཔ་སྦེ་ འདུག་ཟེར་ཨིན་པས།
འཐུས་མི་ཚུ་གིས་ བརྒྱུད་འབྲེལ་འཐུས་ ལོག་བྱིན་དགོ་པའི་ གྲོས་འདེབས་བཀོད་དེ་ཡོདཔ་ད་ དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ནང་ བརྒྱུད་འབྲེལ་གྱི་འཐུས་ཚུ་ བཀག་ཆག་འབད་ནི་སྦེ་མེད་རུང་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་ནང་ གཙུག་ལག་གཙོ་འཛིན་འོགམ་ ཐོ་བཀོད་འགོ་དཔོན་ སྒྲིག་འཛིན་ མདོ་ཆེན་ཚུ་ བརྒྱུད་འབྲེལ་གྱི་འཐུས་ བཀག་ཆག་འབད་ཡོདཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕྱི་འབྲེལ་ཞབས་ཏོག་གི་འཐུས་ཚུ་ ཕྱི་འབྲེལ་གཞུང་ཚབ་ཀྱི་ ཡིག་ཚང་ཡོད་སའི་ རྒྱལ་ཁབ་ཀྱི་དངུལ་ནང་ཐོབ་ཡོད་རུང་ དངུལ་ཕོགས་ལྷན་ཚོགས་༤ པའི་ བཀའ་བཞིན་དུ་ ཕྱི་འབྲེལ་ཞབས་ཏོག་གི་འཐུས་ གཞུང་ཚབ་ཡིག་ཚང་ཆ་མཉམ་ལུ་ ཡུ་ཨེསི་ཌོ་ལར་ནང་ གནང་དགོཔ་སྦེ་ བཟོ་ནུག་ཟེར་ཨིན་པས།
ཡུ་ཨེསི་ཌོ་ལར་དང་ གཞུང་ཚབ་ཡིག་ཚང་ནང་ཡོད་པའི་ རྒྱལ་ཁབ་ཀྱི་དངུལ་གྱི་ དངུལ་སོར་ཚད་གཞི་ གཏན་འཇགས་ཀྱི་ ཚད་གཞི་ལུ་གཞི་བཞག་སྟེ་ ཕྱི་འབྲེལ་ཞབས་ཏོག་གི་འཐུས་ ཕུལ་སྲོལ་ཡོད་མི་དེ་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་བསྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་ ལག་ལེན་འཐབ་པའི་སྐབས་ལས་ གཏན་འཇགས་ཀྱི་ དངུལ་སོར་ཚད་གུ་ གཞི་བཞག་སྟེ་མེན་པར་ རྒྱལ་སྤྱི་ཚོང་འབྲེལ་གྱི་ དངུལ་སོར་ཚད་དང་བསྟུན་ འཐུས་གནང་སྲོལ་བཟོ་ཡོདཔ་ལས་ འགོ་དཔོན་དང་ ཞི་གཡོགཔ་ཚུ་ ཟླ་རིམ་གྱི་འཐུས་ བསྒྱུར་བཅོས་འགྱོ་ཡིར་ ཐོབ་ཡོདཔ་མ་ཚད་ བུ་རུ་སིས་དང་ ཇི་ནི་བ་ལུ་སྡོད་མི་ཚུ་ འཐུས་མར་ཕབ་སོང་ཡོདཔ་ཨིན་པས།
དེ་ལས་ ཕྱི་འབྲེལ་ཡིག་ཚང་ནང་ ལཱ་འབད་མི་ཚུ་ ཧེ་མ་ གསོ་བའི་ཉེན་བཅོལ་དང་ མཐུན་རྐྱེན་སྤྱོད་ཐབས་ལུ་ ཕྱི་འབྲེལ་ཞི་གཡོགཔ་ཚུ་ལུ་ དངུལ་ཐོབ་ཐང་ ལོགས་སུ་སྦེ་ཡོད་རུང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོག་གཞི་སྒྱུར་༢༠༢༢ ཅན་མ་ ལག་ལེན་འཐབ་ནི་ འགོ་བཙུགས་མི་ལས་ཚུར་ ཐོབ་ལམ་ཚུ་ བཀག་ཆག་འབད་ཡོདཔ་ལས་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་ ཚོགས་ཆུང་གིས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ རིན་ཆེན་དབང་འདུས་ཀྱིས་ ཟུར་ཕོགས་འཆར་གཞི་ལུ་ ཁེ་ཕན་བྱུང་ཐབས་ལུ་ ཁེ་འཐུས་ཚུ་ གཞི་རྟེན་དངུལ་ཕོགས་དང་ འབྲེལ་མཐུད་འབད་དགོཔ་ད་ གཞི་སྒྱུར་དེ་གིས་ ཞི་གཡོག་ཚུ་ དགོངས་ཞུ་མ་འགྱོ་བར་ བཞག་ཚུགསཔ་འབད་དགོ་ཟེར་ཨིན་པས།
ཁམས་དྭངས་-རམ་འཇམ་གྱི་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ ཕྱི་རྒྱལ་ཁབ་ནང་ འགྱོ་མི་ཚུ་གི་དོན་ལུ་ ཉིན་བསྟར་འཐུས་ བརྒྱ་ཆ་༢༠ གིས་ མི་ལང་ནི་ཨིནམ་ལས་ བསྐྱར་ཞིབ་འབད་དགོ་རན་ཡོད་པའི་ཁར་ སྣུམ་འཁོར་ཉོ་ནི་གི་ ཐོབ་སྐལ་འཐུས་ཚུ་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ འབྲེལ་ཡོད་ཚོགས་ཆུང་ལུ་ ཞི་གཡོག་དངུལ་ཕོགས་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དེ་ བསྐྱར་ཞིབ་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།