༉ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གནས་སྡུད་༢༠༢༤-༢༠༢༩ བཟོ་ནི་གི་ རྒྱལ་ཡོངས་ཐབས་བྱུས་ཅིག་ གསར་བཏོན་འབད་ཡོདཔ་ཨིན་པས།

ཐབས་བྱུས་དེ་ཡང་ གནས་སྡུད་དེ་ ཐོབ་ཚུགས་ནི་ ངེས་བརྟན་གྱིས་ མ་དོ་བར་ སྲིད་བྱུས་བརྩམ་མི་དང་ འཆར་གཞི་ དེ་ལས་ ཞབས་ཏོག་སྐྱེལ་སྤྲོད་ ལམ་སྟོན་འབད་ནི་ལུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ལུ་དམིགས་ཏེ་ཨིན་པས།

མཐར་འཁྱོལ་ཅན་ཅིག་སྦེ་ ལག་ལེན་འཐབ་མི་གིས་ མཁས་རིག་དང་ གྲུབ་འབྲས་ཅན་གྱི་ གཙུག་སྡེའི་འགན་འཁྲི་ དོན་སྨིན་འཛིན་སྐྱོང་ དེ་ལས་ གཞུང་སྐྱོང་སྒྲིང་སྒྲི་འབད་ནི་ལུ་ འབྲུག་པའི་མི་མང་གཞི་སྒྱུར་འབད་ནིའི་ རེ་བ་ཡོདཔ་ཨིན་པས།

འཆར་གཞི་༡༣ པ་ གོ་རིམ་སྒྲིག་སྟེ་ཡོདཔ་ད་ རྒྱལ་ཡོངས་ཐབས་བྱུས་ཀྱིས་ མ་འོངས་ལོ་ཚུ་ནང་ རྒྱལ་ཁབ་ཀྱི་ གནས་སྡུད་ལྕོགས་གྲུབ་ཡར་དྲག་གཏང་ནི་ལུ་ འཆར་སྣང་དྭངས་གསལ་དང་ ཐབས་བྱུས་གཞི་བཀོད་ཅིག་སྦེ་ བཟོ་ཚུགས་ནི་ཨིན་པས།

ཐབས་བྱུས་དེ་ ད་ལྟོའི་སྟབས་མ་བདེཝ་དང་ སྒྲུབ་བྱེད་ལུ་གཞི་བཞག་ཐོག་ གྲོས་ཆོད་བཏོན་ནི་ལུ་ གནས་སྡུད་ཐོབ་སྤྱོད་དང་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ལས་དོན་བརྡ་སྟོན་གཙོ་བོ་༥ ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།

རྒྱལ་ཡོངས་ཐབས་བྱུས་དེ་ དུས་རབས་༢༡ པའི་ གོང་འཕེལ་གནས་སྡུད་མཉམ་འབྲེལ་ཐོག་ལས་ བཟོ་ཡོདཔ་ཨིན་པས།

མཉམ་འབྲེལ་གྱིས་ གོང་འཕེལ་མ་འགྱོ་མི་དང་ འོང་འབབ་ཆུང་ཀུ་ལ་སོགས་པ་ཚུ་ལུ་ གནས་སྡུད་ལམ་ལུགས་ ཕན་འདེབས་འབད་དེ་ ཁུངས་ལྡན་ཅན་གྱི་ གནས་སྡུད་དང་ ཡུན་བརྟན་གོང་འཕེལ་གྱི་ གནས་སྡུད་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

དེ་མ་ཚད་ འབྲུག་གི་གནས་སྡུད་ལས་རིམ་ནང་ དངུལ་འབྲེལ་ཡར་དྲག་དང་ ལག་ལེན་རྒྱབ་སྐྱོར་འབད་ནི་ལུ་ གཞུང་དང་ མཉམ་འབྲེལ་གོང་འཕེལ་ཚུ་ལས་ གཞི་རྟེན་མ་དངུལ་འཐོབ་ནི་གི་ གྲོགས་རམ་ཡང་ འབད་ནི་ཨིན་པས།

ཐབས་བྱུས་ཀྱི་ གཙོ་རིམ་ཅན་གྱི་ ལས་རིམ་ཚུ་ཡང་ བདག་སྐྱོང་གནས་སྡུད་ཀྱི་སྤུས་ཚད་ཡར་དྲག་དང་ འཕྲལ་འཕྲལ་ར་ ཁ་གསལ་གནས་སྡུད་པར་སྐྲུན་ དེ་ལས་ གནས་སྡུད་ཉེན་སྲུང་དང་ གསང་བ་ ནང་འབྲེལ་ལག་ལེན་ ངེས་བརྟན་གྱི་ གཞུང་སྐྱོང་གཞི་བཀོད་ཀྱི་ གནས་སྡུད་ཆ་ཚང་བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཡོངས་རྩིས་དཔྱད་ལམ་ལུགས་ནང་ མི་གི་ལྕོགས་གྲུབ་ཡར་དྲག་གཏང་དགོཔ་ཁག་ཆེཝ་སྦེ་ གསལ་བཀོད་འབད་དེ་ཡོདཔ་ད་ དེ་ཡང་ གནས་སྡུད་ཚན་རིག་དང་ སྔོན་དཔག་དབྱེ་དཔྱད་ དེ་ལས་ རྩིས་དཔྱད་ཚུ་ནང་ དམིགས་གཏད་ཅན་གྱི་ སྦྱོང་བརྡར་བྱིན་ཏེ་ ལས་བྱེདཔ་ཚུ་ལུ་ གནས་སྡུད་འཛིན་སྐྱོང་དང་ དབྱེ་དཔྱད་ཀྱི་རིག་རྩལ་ཚུ་ གོང་འཕེལ་གཏང་དགོཔ་སྦེ་ ངེས་གཏན་བཟོཝ་ཚུགས་ནི་ཨིན་པས།
རྒྱལ་ཡོངས་ཐབས་བྱུས་དེ་ ལག་ལེན་དང་ ལྟ་རྟོག་ དེ་ལས་ དབྱེ་ཞིབ་དེ་ འབྲེལ་ཡོད་ལས་སྡེ་ཚུ་ མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ འགོ་ཁྲིད་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement