༉ སྤྱི་ཟླ་༧ པའི་ཚེས་༤ ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁམས་ཀྱི་ སྙན་ཞུ་དང་པ་ གསལ་ཞུ་འབད་བའི་སྐབས་ ད་རེས་ རྒྱལ་ཁབ་ནང་ དཀའ་ངལ་སྦོམ་ཤོས་ར་ འབྲུག་མི་ཚུ་ ཕྱི་རྒྱལ་ལས་ཕར་ ལཱ་གཡོག་འཚོལ་བར་འགྱོ་མི་དེ་ ཨིན་མས་ཟེར་ཨིན་པས།
ད་ཚུན་ལུ་ འབྲུག་མི་ཡོངས་བསྡོམས་༦༤,༠༠༠ དེ་ཅིག་ རྒྱལ་ཁབ་ཕྱི་ཁ་ལས་ཕར་ སོང་སྟེ་ཡོད་མི་དེ་ འབྲུག་པའི་མི་རློབས་ཀྱི་ ཡོངས་འབོར་ལས་ བརྒྱ་ཆ་༩ དེ་ཅིག་གི་ རྩིས་ཨིན་མས་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ད་རེས་ རྒྱལ་ཁབ་ཀྱི་གནས་སྟངས་ལུ་བལྟ་བ་ཅིན་ ལམ་རྒྱ་གྲམ་ཁར་ ལྷོད་དེ་ཡོདཔ་ལས་ གལ་སྲིད་ ང་བཅས་ག་ར་ སེམས་དང་ མནོ་བསམ་གཅིག་སྦེ་བཏང་སྟེ་ ལམ་ལེགས་ཤོམ་ གདམ་ཁ་རྐྱབ་ཞིནམལས་ ལཱ་རྩ་འགེངས་ཏེ་ འབད་མ་ཚུགས་པ་ཅིན་ རྒྱལ་ཁབ་སྟོངམ་ འཐོན་ནི་ཐག་ཆོད་ར་ ཨིན་མས་ཟེར་ བློན་ཆེན་གྱིས་ཞུ་ཡི།
བློན་ཆེན་གྱིས་ ཁེ་ཕན་ལུ་ ངོས་ལེན་འབད་ཡོད་རུང་ གལ་སྲིད་ ད་ལས་ཕར་ འཕྲོ་མཐུད་དེ་ར་ འགྱོ་བ་ཅིན་ ཉེན་ཁ་དང་ སྟབས་མ་བདེཝ་ཡང་ ལེ་ཤ་ཅིག་ར་ མཐོངམ་མས་ཟེར་ཞུ་ཡི།
རྒྱལ་ཁབ་ཆུང་ཀུ་དང་ མི་རློབས་ཡང་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་ལས་ རྒྱལ་ཁབ་དང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མི་རློབས་དེ་ གལ་ཅན་ཅིག་ཨིན་ཟེར་ བློན་ཆེན་གྱིས་ ཞུ་ཡི།
དེ་མ་ཚད་ དཔལ་འབྱོར་གོང་འཕེལ་འགྱོ་ནི་ཕར་བཞག་ ཐ་ན་ དཔལ་འབྱོར་གྱི་གཞི་འགྱམ་ བདག་འཛིན་འབད་མ་ཚུགས་པར་ དཔལ་འབྱོར་ཧྲམ་འགྱོ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྱད་རིག་ཅན་གྱི་མི་ངོམ་ འཕྲུལ་རིག་པ་དང་ བཟོ་རིགཔ་ དངུལ་འབྲེལ་དང་ཁྲིམས་དོན་གྱི་ མཁས་མཆོག་ཚུ་ གངམ་མེད་པའི་མཐའ་མར་ ཡོད་མི་ཚུ་ཡང་ དགོངསམ་ཞུ་བ་ཅིན་ རྒྱལ་ཁབ་གོང་འཕེལ་ཐལ་མི་ཚུགས་ཟེར་ བློན་ཆེན་གྱིས་ ཞུ་ཡི།
བློན་ཆེན་གྱིས་ འབྲུག་པའི་ན་གཞོན་ཚུ་ འཇོན་ཐངས་ཅན་གྱི་ ལཱ་གཡོག་མ་ཐོབ་པར་ ཕྱི་རྒྱལ་ལུ་ འགྱོ་དོ་ཡོད་མི་གིས་ ཕྱི་རྒྱལ་ལུ་ ན་གཞོན་ལཱ་གཡོག་འཚོལ་མི་ ཡར་འཕར་འགྱོཝ་མས་ཟེར་ཨིན་པས།
གལ་སྲིད་ གནས་སྟངས་དེ་ ད་རེས་ ལེགས་བཅོས་འབད་མ་ཚུགས་པ་ཅིན་ མཐའ་མཇུག་ལུ་ ན་གཞོན་ཚུ་གིས་ ཕྱི་རྒྱལ་ལས་ རྒྱལ་ཁབ་ནང་ འཇམ་ཏོག་ཏོ་སྦེ་ ལོག་འོང་མི་བཏུབ་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ ཡུན་རིངམ་སྦེ་ ལུས་སོ་པ་ཅིན་ མཐའན་མཇུག་ལུ་ ང་བཅས་རའི་ རྒྱལ་ཁབ་ར་ སྟོངམ་འཐོན་ནི་གི་ ཉེན་ཁ་ཐད་རི་བ་རི་ཡོདཔ་ད་ ན་གཞོན་ཚུ་ལུ་ རྒྱལ་ཁབ་ནང་ར་ ལཱ་གཡོག་སྤྲོད་དགོ་པ་ཅིན་ དཔལ་འབྱོར་གྱི་གནས་སྟངས་ལུ་ར་ རག་ལས་དགོ་ཟེར་ཞུ་ཡི།
བློན་ཆེན་གྱིས་ དཀའ་ངལ་ཚུ་བསལ་ནིའི་དོན་ལུ་ ཐབས་ལམ་ཅིག་ལས་ལྷག་སྟེ་ མེད་མི་དེ་ཡང་ དཔལ་འབྱོར་བསྐྱར་གསོ་དང་ སྒྲིང་སྒྲི་བཟོ་ནི་དེ་ཨིནམ་ད་ དཔལ་འབྱོར་གོང་འཕེལ་གྱི་ ཐབས་ལམ་ཚུ་གི་གྲས་ལས་ ཁག་ཆེ་ཤོས་ར་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་དེ་ ཨིན་ཟེར་ཞུ་ཡི།
དེ་ཡང་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ དཔལ་འབྱོར་གྱི་ལྟེ་བ་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་འདི་ མ་འོངས་རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ཁོ་ན་ལུ་གཟིགས་ཏེ་ འཕྲལ་གྱི་བདེ་ཐབས་དང་ ཕུགས་ཀྱི་ བཙན་ཐབས་སྒྲིག་ཚུགས་པའི་ ལས་འགུལ་རྩ་ཆེ་ཏོག་ཏོ་ཅིག་ མི་སེར་ག་ར་ལུ་ གསོལ་ར་སྦེ་ གནང་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ཞུ་ཡི།
ང་བཅས་རའི་ དཔལ་འབྱོར་སྒྲིང་སྒྲི་བཟོ་དགོ་པ་ཅིན་ དཔལ་འབྱོར་ཆུང་ཀུ་དེ་ ནད་ཡམས་ཀོ་བིཌ་-༡༩ གིས་ འབྱེམ་ཕོག་སྟེ་ ལོང་མ་ཚུགས་པར་ཡོད་མི་དེ་ གང་མགྱོགས་བཅོ་ཁ་རྐྱབ་དགོ་ཟེར་ཨིན་པས།
ཐབས་ལམ་གཙོ་བོ་ར་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ གཞི་བཙུགས་འབད་དེ་ དཔལའབྱོར་ལྷོང་དགོཔ་ལས་ དེ་གི་དོན་ལུ་ མ་དངུལ་དངུལ་ཀྲམ་ཐེར་འབུམ་༡༥ འབད་མི་ དཔལ་འབྱོར་ལྷན་ཐབས་ལས་རིམ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
མ་དངུལ་ཚུ ལག་ལེན་དེ་ཡང་ དངུལ་ཁང་ཚུ་བརྒྱུད་དེ་ ཚོང་རྐྱབ་མི་དང་ ཚོང་ལཱ་འགོ་བཙུགས་མི་ ན་གཞོན སོ་ནམ་པ་ ཁྱིམ་རྐྱབ་མི་ཚུ་གི་དོན་ལུ་ སྐྱེད་ཉུང་བའི་ སྐྱིན་འགྲུལ་བྱིན་ནི་ཨིནམ་ལས་ དེ་གིས་ སྒེར་སྡེ་དང་ ཚོང་ལཱ་ལུ་ ཕན་ཐོགས་པའི་ཁར་ བཟོ་གྲྭ་ཆུང་བ་དང་ ལྟ་བཤལ་ སོ་ནམ་དང་སྒོ་ནོར་ བཟོ་སྐྲུན་ སྐྱེལ་འདྲེན་ བརྡ་བརྒྱུད་ གློག་བརྙན་དེ་ཚུ་ལུ་ ཕན་ཐོགས་ཏེ་ དཔལ་འབྱོར་ཡར་ལྷོང་ཚུགས་ཟེར་ཨིན་པས།
འཆར་གཞི་༡༣ པ་གིས་ ལྷག་པར་དུ་ དཔལ་འབྱོར་ལྷན་ཐབས་ འབྱུང་ཚུགས་ནི་ཨིནམ་ད་ གཞུང་གིས་ གཞི་རྟེན་མཁོ་ཆས་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༦༨ དང་ བརྡ་དོན་འཕྲུལ་ལུ་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ལས་ ས་གནས་གཞུང་གི་ ལས་འགུལ་ཚུ་ལུ་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༧༢ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
གསོ་བ་དང་ ཤེས་རིག་ ལག་རྩལ་དང་ རིག་རྩལ་གྱི་ སྦྱོང་བརྡར་སྤེལ་ཁང་ཚུ་ རྒྱ་སྐྱེད་གཏང་ནི་དང་ མི་སྟོབས་གོང་འཕེལ་གྱི་དོན་ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༦༠ བཞག་སྟེ་ཡོདཔ་ཨིན་པས།
གློག་ཤུགས་དེ་ དཔལ་འབྱོར་གྱི་ གཞི་རྟེན་གཙོ་བོ་ཅིག་འབདཝ་ལས་ མ་འོངས་ལོ་༥ འི་ ནང་འཁོད་ལུ་ གློག་ ཤུགས་གསུམ་ལྟབ་སྦེ་ མེ་ག་ཝཊི་༥,༥༠༠ གུ་ རྒྱ་སྐྱེད་གཏང་ནི་ལུ་ མ་དངུལ་ཐེར་འབུམ་༥༢༧ འཆར་གཞི་ནང་ མ་བཙུགས་པར་ ལོགས་སུ་སྦེ་བཞག་སྟེ་ཡོདཔ་མ་ཚད་ དཔལ་འབྱོར་རྒྱ་སྐྱེད་ཀྱི་དོན་ལུ་ མ་དངུལ་ཁག་ཆེཝ་ལས་ ཕྱིའི་མ་རྩ་གཞི་བཙུགས་ དངུལ་ཀྲམ་ཐེར་འབུམ་༥༠༠ གུ་ ཡར་སེང་འབད་ནི་གི་ ཐབས་ལམ་སྒྲིག་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement