༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མཆོག་གིས་ གཙུག་ལག་སློབ་དཔོན་བགྲེསཔ་ བསམ་གཏན་རྡོ་རྗེ་ལུ་ འབྲུག་ཐུགས་སྲས་ཀྱི་ རྟགས་པ་གནང་ཡི།
སྤྱི་ལོ་༢༠༠༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སློབ་དཔོན་བསམ་གཏན་རྡོ་རྗེ་ལུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་པ་སྦེ་ བསྐོ་བཞག་གནང་སྟེ་ སྤྱི་ལོ་༢༠༢༠ ཚུན་ ཕྱག་ཞུ་ནུག།
སློབ་དཔོན་བསམ་གཏན་རྡོ་རྗེ་གིས་ མི་དབང་མཆོག་ལས་ རྩ་ཆེ་བའི་གསོལ་རས་ཅིག་ གནང་མི་ལུ་ ཧ་ཅང་གི་ བཀྲིན་དགའ་ཚར་ ཡོད་ལུགས་ཚུ་ བཤདཔ་ཨིན་པས།
དེ་བཟུམ་མའི་ གཟེངས་བསྟོད་དེ་ དམིགསབསལ་དུ་ རྒྱལ་ཡོངས་དུས་ཆེན་ནང་ གནང་མི་ལུ་བརྟེན་ ཁོ་རའི་མི་ཚེ་ནང་ ནམ་ཡང་བརྗེད་པར་ཕངས་པའི་ གསོལ་རས་ཅིག་ཨིནམ་ད་ ང་རའི་མི་ཚེ་གཅིགཔོ་ནང་ གསོལ་རས་དེ་ དཔའ་ཉམས་དང་ དགའ་ཚོར་བསྐྱེད་བཞིན་དུ་ སྡོད་འོང་ཟེར་ཨིན་པས།
སློབ་དཔོན་བསམ་གཏན་རྡོ་རྗེ་དེ་ སྤྱི་ལོ་༡༩༦༤ ལུ་ སྤུ་ན་ཁ་ གསེར་གཤོང་ན་ལུ་ སྐྱེས་ཡོདཔ་ད་ ཁོ་གིས་ གྲྭ་ཚང་ནང་ སྐྱེས་ལོ་༨ ལུ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ གཞི་རྟེན་ཤེས་ཡོན་དེ་ སྤུངས་ཐིམ་གྲྭ་ཚང་དང་ བདེ་ཆེན་ཕོ་གྲྭ་དགོན་སྡེ་སློབ་གྲྭ་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
སྐྱེས་ལོ་༡༩ ལངམ་ད་ ཁོ་གིས་ རྟ་མགོ་བཤད་གྲྭ་ལུ་ འཛུལ་ཞུགས་འབད་དེ་ ནང་པའི་ཤེས་ཡོན་སྦྱང་བརྩོན་འབད་བའི་ཤུལ་ལུ་ རྒྱ་གར་ འབྲས་ལྗོངས་དང་ བིར་ལུ་ཡོད་པའི་ རྫོང་གསར་མཁྱེན་བརྩེ་བཤད་གྲྭ་ནང་ ནང་པའི་ཆོས་ཚན་ དབུ་མ་དང་ ཚད་མ་ མངོན་པ་ དེ་ལས་ ཕར་ཕྱིན་གྱི་ ཤེས་ཡོན་ཚུ་ ལྷབ་སྦྱང་འབད་ཡོདཔ་ཨིན་པས།
འབྲུག་ལུ་ལོག་འོང་པའི་ཤུལ་ ཁོ་གིས་ མདོ་སྡེ་བྲག་བཤད་གྲྭའི་ དབུ་འཛིན་དང་པའི་ འགན་ཁུར་འབག་ཡོདཔ་ད་ དེ་ནང་ ལོ་༤ གི་རིང་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ལས་ ལྕགས་རི་ཚམས་ཁང་ལྟེ་བའི་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ ཁྲི་ཟུར་བསྟན་འཛིན་དོན་གྲུབ་ལས་ ཆོས་ཞུ་བའི་ཁར་ ལོ་གསུམ་ཆོས་གསུམ་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ རྟ་མཐོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་ གནས་སོར་མ་གཏང་པའི་ཧེ་མར་ ལྕགས་རི་མཚམས་ཁང་ལྟེ་བའི་ དབུ་འཛིན་སྦེ་ ལོ་༤ ཕྱག་ཞུ་སྟེ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་ དབུ་འཛིན་འོགམ་ ལོ་༤ དང་ དབུ་འཛིན་སྦེ་ ལོ་༥ ཕྱག་ཞུ་ཡོདཔ་ཨིན་པས།
སློབ་དཔོན་བསམ་གཏན་གྱིས་ ནང་པའི་ཆོས་ལུ་ བརྩོན་ཤུགས་དང་ ཕན་ཐོགས་ཡོད་མི་ལུ་བརྟེན་ ཡུ་ཨེསི་ལུ་ཡོད་པའི་ རྒྱལ་སྤྱི་བཟའ་སྤྱོད་གཙུག་ལག་སློབ་སྡེ་ བེང་ཀོག་ལས་རྒྱལ་སྤྱི་ནང་པའི་ ཞི་བདེ་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
སློབ་དཔོན་བསམ་གཏན་གྱིས་ ལོ་ངོ་༣༥ ལྷགཔ་ཅིག་གི་རིང་ རྒྱལ་ཁབ་ནང་ ནང་པའི་ཆོས་ལུགས་དར་ཁྱབ་དང་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོད་པའི་ངོས་འཛིན་ལུ་ མི་དབང་མཆོག་གིས་ འབྲུག་ཐུགས་སྲས་རྟགས་མ་གནངམ་ཨིན་པས།
ད་རེས་ གཙུག་ལག་སློབ་དཔོན་བགྲེསཔ་དེ་ མི་དབང་རྒྱལ་སྲས་མཆོག་གི་ སློབ་སྟོན་པ་སྦེ་ ཕྱག་ཞུ་དོ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།