༉ གཞལམ་སྒང་རྫོང་ཉམས་གསོ་ཞུ་ནི་དེ་ ལོ་༥ འི་འཆར་གཞི་༡༣ པའི་ ལོ་ངོ་༢ པའི་ནང་ འགོ་བཙུགས་ནི་དང་ ཉམས་གསོའི་ལས་འགུལ་དེ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༣༢༥ གི་ཐོག་ལུ་ འབད་ནི་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།
ལས་འགུལ་གྱི་དོན་ལུ་ འཆར་དངུལ་ཚུ་ འབྲུག་གཞུང་གིས་ བཏང་དོ་ཡོདཔ་ད་ ད་ལྟོའི་འཆར་གཞི་ཚུ་གི་གྲས་ལས་ ལས་འགུལ་དེ་ འཆར་གཞི་སྦོམ་༨ ཡོད་པའི་གྲས་ལས་༡ ཨིནམ་ད་ གོང་འཕེལ་བསྐྱར་གསོའི་ལཱ་ཚུ་ ཁག་ལེ་ཤ་སྦེ་ཡོདཔ་བཞིན་དུ་ ལས་འགུལ་དེ་ འཆར་གཞི་༡༣ པའི་ནང་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
རྫོང་གི་དོན་ལུ་ སྔོན་འགྲོའི་ལཱ་འབད་དགོཔ་ཡོད་མི་ཚུ་ཡང་ ས་དབྱིབས་ཀྱི་ཞིབ་འཇུག་དང་ བཟོ་བཀོད་གྱི་དབྱེ་ཞིབ་ལཱ་ཚུ་ག་ར་ མཇུག་བསྡུ་ཚར་ཏེ་ཡོདཔ་ཨིན་པས།
སྔར་སྲོལ་ས་ཁོངས་དང་ སྔར་ཤུལ་བརྟག་ཞིབ་སྡེ་ཚན་གྱི་ བཟོ་བཀོད་གཙོ་འཛིན་འགོ་དཔོན་ ཡེ་ཤེས་བསམ་གྲུབ་ཀྱིས་ རྫོང་གི་དབུ་རྩེ་གི་ ཉམས་གསོའི་འཆར་གཞི་ལཱ་ཚུ་ ནང་འཁོད་ལུ་འབད་ནི་དང་ ཕྱིའི་བཀོད་རིས་དང་ མཐའ་འཁོར་ལཱ་གི་དོན་ལུ་ སྒེར་སྡེའི་གྲོས་སྟོན་པ་ཚུ་ལུ་ བྱིན་ནི་ཨིན་ཟེར་ཨིན་པས།
ཉམས་གསོའི་འཆར་གཞི་ནང་ རྫོང་ཡོངས་རྫོགས་ཀྱི་བཀོད་རིས་ཚུ་ ཉམས་གསོ་འབད་ནི་སྦེ་ ཚུད་དེ་ཡོདཔ་ཨིན་པས།
དབུ་རྩེ་དེ་ བཟོ་བཀོད་རྙིང་ཤོས་ཅིག་ཨིན་པའི་གུ་ བཟོ་རྣམ་གཞན་དང་མ་འདྲཝ་སྦེ་ཡོདཔ་མ་ཚད་ ཧེ་མ་འབད་བ་ཅིན་ བཞུགས་གནས་ཁང་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ སྔར་ཁྱུན་ལམ་སྲོལ་ལུ་ བརྩི་མཐོང་ཚུ་བསྐྱེད་ཚུགས་ཏེ་ཡོད་ཟེར་ ཡེ་ཤེས་བསམ་གྲུབ་ཀྱིས་ བཤདཔ་ཨིན་པས།
དབུ་རྩེ་དེ་ ཉམས་ཆག་ཤོར་ཏེ་ གྱང་ཚུ་སྒྲིང་སྒྲི་མེདཔ་མ་ཚད་ གྱང་ལ་ལུ་ཅིག་ནང་ལས་ཕར་ སེར་གུ་ཐོན་ཏེ་ཡོདཔ་ད་ གག་འགྲམ་ཚུ་ཡང་ཕོག་སྟེ་ཡོདཔ་སྦེ་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
དེ་གུ་ འབུབ་ཚུ་གིས་ ཤིང་ཆས་གཙོ་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ད་ དེ་ཡང་ རབ་གསལ་དང་ པར་གཡབ་ ཁྱིམ་ཐོག་སྡིངས་རི་ འཐིང་གཞི་ཨེན་ཏ་ཚུ་ མེདཔ་ཐལ་ཡོདཔ་ལས་ ཉམས་གསོ་མགྱོགས་སུ་ འབད་དགོཔ་ཨིན་པས།
རྫོང་ཉམས་གསོ་ཞུཝ་ད་ ཧེ་མའི་བཀོད་རིས་ཚུ་ སྔར་ག་ཨིནམ་སྦེ་འབད་ནི་དང་ དེ་ཁར་ ཡིག་ཚང་དང་ གཙང་སྦྲ་འཕྲོད་བསྟེན་གྱི་མཐུན་རྐྱེན་ཚུ་ ཐོག་རེ་རེ་བཞིན་དུའི་ནང་ བཙུགས་ནི་དང་ དྲོད་བཏགས་རིམ་ལུགས་ཚུ་ཡང་ བཙུགས་སྒྲིག་འབད་ནི་ཨིན་པས།
ཉམས་གསོའི་ལཱ་འབདཝ་ད་ ཧེ་མའི་བཟོ་རྣམ་ཚུ་ མི་བྱང་ནི་དང་ ཉམས་གསོའི་སྐབས་ གཞི་བཀོད་འདི་གི་ཐོག་ལུ་ བཀོད་རིས་ཚུ་ སྒྲིང་སྒྲི་བཟོ་སྟེ་ ལེགས་བཅོས་འབད་ནི་ཨིན་ཟེར་ ཡེ་ཤེས་བསམ་གྲུབ་ཀྱིས་ བཤདཔ་ཨིན་པས།
འཆར་གཞི་གསརཔ་དེ་ སྤྱི་ལོ་༢༠༢༡ ལུ་ མཐའ་བཅད་འབད་ཡོདཔ་ད་ དེ་ཡང་ བཟོ་བཀོད་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ རྒྱ་ཁྱབ་ཅན་གྱི་སྒོ་ལས་ འཕྲལ་མཁོའི་གནད་དོན་ཐོག་ལུ་ གཞི་བཟུང་འབད་དེ་ ལཱ་འབད་ཡོདཔ་ཨིན་པས།
རྫོང་ཉམས་གསོའི་དོན་ལུ་ འཆར་གཞི་ཚུ་ འཆར་གཞི་༡༡ པའི་སྐབས་ལས་ར་ཡོདཔ་ད་ དེ་འབདཝ་ད་ རྫོང་ཁག་ཚོགས་འདུ་ལས་ ཡང་བསྐྱར་གྲོས་འཆར་ཚུ་བཙུགས་ཏེ་འབད་རུང་ འཆར་གཞི་༡༢ པའི་ནང་ མ་ཚུདཔ་ཨིན་པས།
གཞལམ་སྒང་རྫོང་དེ་ སྤྱི་ལོ་༡༩༩༧ ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་ཡོདཔ་ད་ སྤྱི་ལོ་༢༠༢༠ ཟླ་༥ པའི་ནང་ རླུང་ཤུགས་ཀྱིས་ ཁྱིམ་ཐོག་ཕྱེད་ཀ་ བཤུབས་བདའ་ཡོདཔ་ལས་ བདེ་སྲུང་དང་ ས་གནས་བདག་སྐྱོང་ཚུ་གིས་ གནོད་སྐྱོན་རྐྱབ་མི་ཚུ་ ལོག་ལེགས་བཅོས་འབད་ནི་ལུ་ ཉིནམ་གསུམ་དེ་ཅིག་ འགོར་ཡོདཔ་ཨིན་པས།
རྫོང་ཉམས་གསོའི་ལཱ་ འགོ་བཙུགས་པའི་བསྒང་ལས་ རྫོང་ཁག་བདག་སྐྱོང་དང་ དགེ་འདུནམ་ཚུ་ ད་ལྟོ་ཡོད་པའི་ སྨོན་ལམ་ཆེན་མོའི་ ཐང་ནང་སྤོ་བཤུད་འབད་ནི་ལུ་ ངོས་འཛིན་འབད་ཡོདཔ་ད་ མི་མང་གི་ ཞབས་ཏོག་ཚུ་ལུ་ ཐོ་མ་ཕོབ་སྦེ་ ལཱ་ཚུ་འཕྲོ་མཐུད་འབད་ནིའི་དོན་ལུ་ གནས་སྐབས་ཀྱི་ སྡོད་སྒར་ཚུ་ མགྱོགས་སུ་སྦེ་རྐྱབ་ནི་ཨིན་པས།
གཞལམ་སྒང་རྫོང་དེ་ སྤྱི་ལོ་༡༦༥༥ ལུ་ ཁྱིམ་ཐོག་གཅིག་སྦེ་ བཞེངས་ཡོདཔ་ད་ རྫོང་བཞེངས་སའི་ས་ཁོངས་དེ་ དུས་རབས་༡༢ པའི་སྐབས་ལུ་ བླ་མ་ཞང་རྡོ་རྗེ་གྲགས་པ་གིས་ གདན་ས་ཕྱག་བཏབ་གནང་པའི་ རྗེས་ཤུལ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།