༉ གཞལམ་སྒང་གི་ མཐའ་ཟུར་གཡུས་ཚན་ བེར་ཏི་ལས་ སྐྱེས་ལོ་༤༥ ལང་མི་ བསོད་ནམས་ཆོས་འཕེལ་གྱིས་ ཁོ་རའི་ ཉ་མེ་སྐམ་ཚོང་འབྲེལ་དེ་ ལེགས་ཤོམ་བཟོ་ཐབས་ལུ་ རྩ་འགེངས་དོ་ཡོདཔ་ད་ དེ་ཡང་ རྫོང་ཁག་ནང་ ཁོ་ར་རྐྱངམ་གཅིག་ཨིན་པས།
འདི་བཟུམ་གྱི་ལཱ་འབད་དེ་ ལོ་༧ ལང་པའི་ཤུལ་ལས་ གདོང་ལེན་ཚུ་བྱུང་མི་དེ་ཡང་ ཉའི་ཐོན་སྐྱེད་ལས་འགོ་བཙུགས་ ཚོང་འབྲེལ་ལེགས་ཤོམ་མེད་པའི་ གནད་དོན་ཚུ་ཡོདཔ་ཨིན་པས།
ཁོ་གིས་ ཚོང་འབྲེལ་དེ་ སྤྱི་ལོ་༢༠༡༧ ལས་འགོ་བཙུགས་ བེར་ཏི་གཡུས་ཚན་གྱི་ མི་སྡེ་ཚན་གྱིས་ ལཱ་འབད་ཡོདཔ་ཨིན་རུང་ འཛིན་སྐྱོང་ལེགས་ཤོམ་འཐབ་མ་ཚུགསཔ་ཨིན་པས།
གཞལམ་སྒང་རྫོང་ཁག་བདག་སྐྱོང་གིས་ རྒྱབ་སྐྱོར་ཐོག་ ཁོ་ལུ་ ཉ་མེ་བསྐམ་ནིའི་ འཕྲུལ་ཆས་ཅིག་བྱིན་མི་དེ་གིས་ ཐེངས་རེ་ནང་ ཉ་ཀེ་ཇི་༢༠ རེ་ བསྐམས་ཚུགས་དོ་ཡོདཔ་ད་ ཁོ་ལུ་ རྫོང་ཁག་སྒོ་ནོར་སྡེ་ཚན་ནང་ལས་ ཉ་ཐོན་སྐྱེད་ཀྱི་ སྦྱོང་བརྡར་ཚུ་ཡང་ ཐོབ་ཡོདཔ་ཨིན་པས།
འགོ་བཙུགས་པའི་སྐབས་ལུ་ ཚོང་འབྲེལ་ཚུ་ ལེགས་ཤོམ་སོང་ཡོདཔ་ད་ དེ་ཡང་ མཁོ་མངགས་འབད་མི་མང་ཤོས་ར་ རྫོང་ཁག་ནང་འཁོད་ལས་ ཐོན་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ ང་གིས་ ཉ་མེ་སྐམ་ཀེ་ཇི་༢༠ ཐིམ་ཕུག་ལུ་ བཟའ་འཐུང་འགྲེམས་སྟོན་ལས་རིམ་སྐབས་ འབག་སོང་ཡི་ཟེར་ཨིནམ་ད་ ཁོ་གི་ཉ་སྐམ་དེ་ ཡུདཔ་ཐེངས་ཅིག་ནང་ར་ བཙོང་ཚར་ཡི་ཟེར་ཨིན་པས།
དེ་འབདཝ་ད་ འགྲོས་ཀྱིས་སྦེ་ ཚོང་འབྲེལ་དེ་ ཉུང་སུ་སོང་ཡོད་མི་གིས་ བསོད་ནམས་ཆོས་འཕེལ་ཁོ་ར་ ཚོང་འབྲེལ་གྱི་དོན་ལུ་ གདོང་ལེན་འབད་དགོཔ་ད་ ད་རེས་ནངས་པར་ ཁོ་གིས་ མཁོ་མངགས་འབད་མི་དང་བསྟུན་ བཙོང་དོ་ཡོདཔ་ཨིན་པས།
ཧ་ལམ་ ལོ་འཁོར་དོ་ཡོད་རུང་ ཐོན་སྐྱེད་ཀྱི་མཁོ་མངགས་དེ་ ཚད་ཅིག་ལས་མེད་པའི་ཁར་ དུས་སྟོན་རེ་ཡོདཔ་ད་ མང་སུ་མཁོ་མངགས་འབད་མི་ཚུ་ཡང་ བྱ་རིགས་དུས་སྟོན་གྱི་སྐབས་ལུ་ཨིན་མས་ཟེར་ བསདོ་ནམས་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ བེར་ཏི་ལས་ཐོན་སྐྱེད་འབད་མི་ ཉ་མེ་སྐམ་རྐྱབ་མི་ཚུ་ ཆུ་རྫིང་ནང་གི་འབད་བ་ཅིན་ ག་རམ་༥༠༠ ལུ་ དངུལ་ཀྲམ་༣༥༠ དང་ མང་སྡེ་ཆུ་ནང་གི་ ཉ་ཚུ་འབད་བ་ཅིན་ དངུལ་ཀྲམ་༥༠༠ རེ་སྦེ་ བཙོང་དོ་ཡོདཔ་ད་ གོང་ཚད་ཚུ་ཡང་ རྫོང་ཁག་སྒོ་ནོར་སྡེ་ཚན་གྱིས་ བཟོ་མི་དང་འཁྲིལ་ཏེ་ བཙོང་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ མང་སྡེ་ཆུ་ལས་ ཉ་བཟུང་ནི་དེ་ ན་ཧིང་ལས་ དམ་འཛིན་འབད་ཡོདཔ་ལས་ ཁོ་ལུ་ གཙང་ཆུ་དེ་ནང་གི་ ཉ་གསོ་སྐྱོང་འབད་མི་ གཞན་ཚུ་ལས་ ཉོ་དགོཔ་སྦེ་སླབ་མི་གིས་ ཁོ་གི་ འོང་འབབ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
མང་སྡེ་ཆུ་ གཙང་ཆུའི་སྦོ་ལོགས་ཁར་ ཁོ་གིས་ བཟོ་ཡོད་པའི་ཆུ་རྫིང་༢ ནང་ལས་ སྲམ་ཚུ་གིས་ ཉ་ཨརཝ་རྐུ་དོ་ཡོདཔ་ཨིན་པས།
སྲམ་༢༠ ལྷགཔ་ཅིག་འབད་མི་ སྡེ་ཚན་གྱིས་ གནམ་ནུབ་མོ་ ཉ་གསོ་སྐྱོང་གི་ ཆུ་རྫིང་ནང་འོང་ཞིནམ་ལས་ ཉ་བཟུང་ཟ་དོ་ཡོདཔ་ལས་ ནུབ་མོ་ སྲམ་བསྲུང་སྡོད་དགོ་པས་ཟེར་ཨིནམ་ད་ འདི་བཟུམ་གྱི་ དཀའ་ངལ་ཡོད་ལུགས་ཚུ་ ལུང་ཕྱོགས་ནགས་ཚལ་ཡིག་ཚང་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་གི་དོན་ལུ་ ཉ་མེ་སྐམ་གྱི་ ཚོང་འབྲེལ་དེ་ འོང་འབབ་བཟོ་ས་གཙོ་ཅན་ཅིག་ཨིནམ་ད་ ད་ལས་ཕར་ ཉ་ཚོང་དེ་གིས་ ཁོ་གི་བཟའ་ཚང་འཚོ་སྐྱོང་འཐབ་མི་ཚུགས་པས་ཟེར་ཨིནམ་བཞིན་དུ་ ཁོ་གིས་ བཟའ་ཚང་གསོ་སྐྱོང་གི་དོན་ལུ་ བྱ་གསོ་སྐྱོང་འཐབ་ནི་ལུ་ ཁ་སྒྱུར་འབད་ཡོདཔ་ཨིན་པས།
འདི་བཟུམ་གྱི་ གནད་དོན་ཚུ་ལུ་ བདེ་སྒྲིག་འབད་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ བེར་ཏི་ཉ་གསོ་སྐྱོང་སྡེ་ཚན་དེ་ ལོག་བསྐྱར་བཟོ་འབད་ནི་དང་ འཆར་གཞི་༡༣ པའི་ནང་ ས་གནས་སྤང་ཁར་དང་ སྒོ་ཤིང་རྒེད་འོག་༢ ནང་ ཉ་གསོ་སྐྱོང་ཁང་གསརཔ་༢ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
འདི་བཟུམ་གྱི་ ཐབས་བྱུས་དེ་ གཙོ་བོ་ར་ ཉ་མེ་སྐམ་གྱི་ཚོང་ལམ་དེ་ ལེགས་ཤོམ་འགྱོ་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ ཨོ་རྒྱན་ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ སྒོ་ནོར་སྡེ་ཚན་གྱི་ དམིགས་གཏད་དེ་ ལོ་བསྟར་བཞིན་དུ་ ཉ་མེ་བསྐམས་རྐྱབ་མི་ མེ་ཊིག་ཊཱོན་༤ དེ་རེ་ ཐོན་སྐྱེད་འབད་དེ་ འོང་འབབ་དངུལ་ཀྲམ་ས་ཡ་༤.༨ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ སོ་ནམ་པ་ ཉ་གསོ་སྐྱོང་འཐབ་མི་ག་ར་ལུ་ འཕྲུལ་རིག་གི་ཅ་ཆས་ཚུ་ བགོ་བཀྲམ་འབད་ནི་ཟེར་ཨིན་པས།
བེར་ཏི་ཉ་གསོ་སྐྱོང་སྡེ་ཚན་དེ་ སྤྱི་ལོ་༢༠༡༦ ལུ་ རྫོང་ཁག་བདག་སྐྱོང་དང་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་ཚུ་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement