༉ གཞལམ་སྒང་ཤིང་མཁར་ལས་ སྐྱེས་ལོ་༤༣ ལང་མི་ པདྨ་ལྷ་མོ་གིས་ མོ་རའི་འབྱ་ཞིང་ནང་ལས་ འབྱ་བསྡུ་རན་པའི་ དུས་ཚོད་གུ་ལྷོདཔ་ད་ ལོ་ཐོག་ག་ར་ བྱི་ཙི་གིས་ གནོད་པ་རྐྱབ་སྟེ་ ཞིང་སྟོངམ་སྦེ་ བཏོན་ཡོད་པའི་སྦུག་ལས་ཕར་ ལམ་འགྱོ་སྦེ་ བློ་ཕམ་སྦོམ་སྦེ་ར་ བྱུང་སྡོད་སར་མཐོངམ་ཨིན་པས།
མོ་གིས་ འབྱ་བསྡུ་རན་ཁར་ལྷོདཔ་ད་ བསྡུ་ནི་མེདཔ་བཟོ་ད་ནུག་ཟེར་ གདོང་སྐྱོ་སྣང་དང་བཅས་པའི་སྒོ་ལས་ ལོ་རྒྱུས་སླབ་ཡོདཔ་ད་ དེ་ཡང་ མོ་གི་ཞིང་ནང་ ད་རེས་བཟུམ་སྦེ་ ལོ་ཐོག་ག་ར་ རྩ་བ་ལས་མེདཔ་རྐྱབ་མི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
འབྱ་གི་སོག་མ་རྐྱངམ་གཅིག་ ཞིང་གི་སྦུག་ལུ་ ལོང་སྡོད་སར་མཐོང་དོ་ཡོདཔ་བཞིན་དུ་ མོ་རའི་ སྤུན་ཆ་གི་འབྱ་ཞིང་ ཌེ་སི་མཱལ་༣༣ འབད་མི་དེ་ཡང་ བྱི་ཙི་གིས་ གནོདཔ་རྐྱབ་སྟེ་ ལོ་ཐོག་བསྡུ་ནི་མེདཔ་བཟོ་དཔ་ཨིན་པས།
ཨ་ལུ་གསུམ་གྱི་ ཨའི་མོ་རྐྱང་འབད་མི་ པདྨ་ལྷ་མོ་གིས་ འབྱ་འཚོ་པའི་ཤུལ་ལུ་ ཁོང་རའི་ བཟའ་ཚང་ཚུ་ ལོ་གཅིག་གི་རིང་ བཟའ་ནི་ལང་དོ་ཡོདཔ་ལས་ རེ་ཆ་སྦོམ་ར་བསྐྱེད་དེ་སྡོད་པའི་མཐའ་མར་ ཐོག་བསྡུ་ནི་མེདཔ་བཟོ་ཡོདཔ་ད་ མོ་གིས་ འབྱ་ཞིང་གི་ལཱ་འབད་བའི་སྐབས་ལུ་ ཟད་འགྲོ་དངུལ་ཀྲམ་༡༢,༠༠༠ དེ་ཅིག་ བཏང་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ རེད་བྲེ་༤༠༠ ཐོན་མི་དེ་ དུས་ཅི་འབདཝ་ད་ རེད་བྲེ་༡༠ མ་གཏོགས་ མིན་འདུག་ཟེར་ཨིན་པས།
ད་འབདན་ ང་ལུ་འབད་ཐབས་གཞན་ག་ནི་ཡང་མེདཔ་ལས་ ནང་འདྲེན་འབད་མི་ ཆུམ་ལུ་ར་བརྟེན་དགོ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ང་གིས་ ཆུམ་ཉོ་ནིའི་དོན་ལུ་ ཏི་རུ་ཚུ་ག་ཏེ་ལས་ འཚོལ་ནི་ཨིན་ན་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ད་ སྤྱིར་བཏང་ ང་གིས་ མི་སྡེའི་ནང་ འབད་ནི་བཅའ་ནི་ཚུ་ཐོནམ་ད་ རེད་ཀྱི་ཞལ་འདེབས་འབད་དོ་ཡོད་པའི་ཁར་ ངེ་གི་བཟའ་ཚང་ཚུ་ ལོ་གཅིག་བཟའ་ནི་ལང་ཚུགས་ཟེར་ཨིན་པས།
མོ་གི་ཞིང་ནང་ གནོདཔ་རྐྱབ་མི་གིས་ མ་དོ་བར་ ཉེ་འདབས་ལུ་ཡོད་པའི་ སྤྱི་འོག་བཞི་གི་ཁྱིམ་གུང་ཚུ་ ཤིང་མཁར་དང་ ཝམོ་གླིང་ ཁྲི་ས་ དེ་ལས་ ཉིམ་གཤོང་ཚུ་ནང་ བྱི་ཙི་གིས་ གནོདཔ་བཀལ་ཡོདཔ་ད་ དེ་ཡང་ དུས་ཅི་འབད་བ་ཅིན་ བྱི་ཙི་གིས་ ཉུང་ཤོས་ར་ ལོ་ཐོག་ཕྱེད་ཀ་ལྷགཔ་ཅིག་ གནོདཔ་བཀལ་ནུག་ཟེར་ཨིན་པས།
འདི་བཟུམ་གྱི་ གནོད་སྐྱོན་རྐྱབ་མི་གིས་ སོ་ནམ་པ་ཚུ་ལུ་ རྣམ་རྟོག་ལང་བའི་གནད་དོན་ཅིག་ཨིནམ་ད་ འབྱ་ལུ་གནོདཔ་རྐྱབ་མི་གིས་ ཟ་འཐུང་གི་ཉེན་སྲུང་དང་ མི་ཚེའི་གནས་སྟངས་གཉིས་ཆ་ར་ལུ་ འཇིགས་སྣང་འདུག་ཟེར་ཨིན་པས།
སོ་ནམ་པ་ སངས་རྒྱས་ལྷ་འཛོམས་ཀྱིས་ མོ་རའི་འབྱ་ཞིང་ཌེ་སི་མཱལ་༥༠ ཡོད་ས་ལས་ རེད་བྲེ་༤༠ མ་གཏོགས་བསྡུ་མ་ཚུགསཔ་ད་ སྤྱིར་བཏང་འབད་བ་ཅིན་ ལོ་བསྟར་བཞིན་དུ་ རེད་བྲེ་༣༠༠ རེ་གི་ ཐོན་ཤུགས་ཡོདཔ་ཟེར་ཨིནམ་ད་ ངེ་གིས་ ཞིང་གཞན་མི་དེ་ཡང་ ཧ་ལམ་མེདཔ་བཏང་ནུག་ཟེར་ཨིནམ་བཞིན་དུ་ ལ་ལུ་ཅིག་ནང་ ཐོག་བསྡུ་ནི་ར་མེདཔ་སྦེ་ ཞིང་ག་ར་ སྟོངམ་བཏོན་ཡོདཔ་སྦེ་ཨིན་པས།
བྱི་ཙི་ཚུ་གིས་ གེ་ཟ་ཞིང་ཚུ་ནང་ཡང་ གནོདཔ་བཀལ་ཡོདཔ་ད་ སོ་ནམ་པའི་མནོ་བསམ་ལུ་ ད་ལས་ཕར་ བྱི་ཙི་ཚུ་གིས་ འབྱ་ཚུ་བསྡུ་ཚར་བའི་བསྒང་ལས་ ཀར་ཞིང་དང་ ལོ་ཐོག་གཞན་གྱི་ ཞིང་ཚུ་ནང་ཡང་ གནོདཔ་བཀལ་ནི་བཟུམ་འདུག་ཟེར་ཨིན་པས།
གནད་དོན་ཚུ་གི་སྐོར་ལས་ སྤྱི་འོག་ཚོགས་པ་གིས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་ད་ སོ་ནམ་པ་ཚུ་ སེམས་དང་མ་ལྡན་པར་ ཡོད་མི་དེ་ཡང་ ལོ་གཉིས་ཀྱི་རིང་ སོ་ནམ་རྒྱ་སྐྱེད་ལྟ་རྟོག་པ་གིས་ ངོས་ལེན་ལེགས་ཤོམ་མེད་མི་ལུ་བརྟེན་ཨིནམ་ད་ བར་དོ་རྒེད་འོག་གི་ ལྟ་རྟོག་འགོ་དཔོན་གྱིས་ ད་ལྟོ་ཤིང་མཁར་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ཤིང་མཁར་ཚོགས་པ་ ངག་དབང་ཀུན་དགའ་གིས་ བཤད་མིའི་ནང་ ཁོ་གི་སྤྱི་འོག་ནང་ གཡུས་ཚན་༡༢ ཡོད་ས་ལས་ ཁྱིམ་གུང་༤༨ ཀྱི་ལོ་ཐོག་ཚུ་ བྱི་ཙི་གིས་ གནོད་སྐྱོན་རྐྱབ་ཡོདཔ་སྦེ་ཨིནམ་ད་ གཡུས་ཚན་འོག་མའི་ནང་འབད་བ་ཅིན་ ཁྱིམ་གུང་༣༠ གི་ ལོ་ཐོག་ཚུ་ལུ་ གནོད་པ་སྦོམ་སྦེ་ར་ བཀལ་ནུག་ཟེར་ཨིནམ་ལས་ གནོད་སྐྱོན་རྐྱབ་མི་གཡུས་ཚན་ཚུ་ཡང་ ལེགས་པོ་ཁེ་དང་ བྱའུ་རི་སྤོང་ ཆ་སྦིས་ སྤང་ཏང་མ་ དེ་ལས་ ཁྱོད་འབར་ཚུ་ཨིན་པས།
ཝམོ་ལིང་གི་ ཉེ་འདབས་ལས་ཕར་ཡང་ གདོང་ལེན་དེ་ ཅོག་འཐདཔ་སྦེ་ཡོདཔ་ད་ གཡུས་ཚན་ནང་ འབྱ་ཞིང་ལེ་ཤ་ཡོད་ནི་དེ་གིས་ རྒེད་འོག་གི་གྲས་ལས་ ཐོན་ཤུགས་ཅན་ཅིག་ཨིན་ཟེར་ཨིན་པས།
གཡུས་འོག་མའི་ནང་ ཁྱིམ་གུང་༣༠ གི་ལོ་ཐོག་ཚུ་ལུ་ གནོད་པ་སྦོམ་ར་རྐྱབ་ཡོདཔ་ད་ གཡུས་གོང་མའི་ནང་འབད་བ་ཅིན་ ཁྱིམ་གུང་༤༣ གྱི་ལོ་ཐོག་ཚུ་ལུ་ གནོད་པ་དུམ་གྲ་རེ་ རྐྱབ་ནུག་ཟེར་ཨིན་པས།
ཁྱིམ་གུང་༣ གྱི་ས་ཆ་ཌེ་སི་མཱལ་༥༠ འབད་མི་དེ་ སྟོངམ་ར་བཏོན་ཡོདཔ་ད་ དེ་གི་ཉེ་འདབས་ལས་ཕར་ཡོད་མི་ཚུ་ ཕྱེད་ཀ་དེ་ཅིག་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ ཝམོ་གླིང་ཚོགས་པ་ གནས་བརྟན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁྲི་ས་ཚོགས་པ་ འཕྲིན་ལས་དབང་ཕྱུག་གིས་ བཤད་མིའི་ནང་ རེད་ཀྱི་ཐོན་སྐྱེད་དེ་ རྒྱ་ཆེཝ་སྦེ་ར་ མར་བབས་སོང་ཡི་ཟེར་ཨིནམ་ད་ གེ་ཟ་གི་ཞིང་ཚུ་ལུ་ཡང་ བྱི་ཙི་ཚུ་གིས་ གནོད་པ་ཚུ་རྐྱབ་ནུག་ཟེར་ཨིན་པས།
རྒེད་འོག་སོ་ནམ་ཡིག་ཚང་གིས་ བྱི་ཙི་གིས་ གནོད་པ་རྐྱབ་མི་འབྱ་ཞིང་ཚུ་ འཕྲོ་མཐུད་དེ་ར་ ཞིང་ཆུ་དཔག་བཞག་ནི་དང་ བྱི་ཙི་གི་སྨན་སྟོར་ཏེ་ གནོད་སྐྱོན་རྐྱབ་ནི་ མར་ཕབ་འབད་ནི་ཨིན་རུང་ སོ་ནམ་པ་ཚུ་གིས་ འབད་བ་ཅིན་ ད་ལྟོ་ ཡོད་པའི་ཞིང་ཆུ་དེ་གིས་ ལང་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ ཆུའི་གདོང་ལེན་ཚུ་ འབྱུང་བཞིན་དུ་ཡོད་ཟེར་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
བྱི་ཙི་གིས་ གནོད་སྐྱོན་རྐྱབ་མི་ཚུ་ལུ་ རྒུད་འཐུས་ཐོབ་ལམ་གྱི་གྲངས་སུ་ ཚུད་དེ་མེདཔ་ད་ བར་དོ་རྒེད་འོག་སོ་ནམ་རྒྱ་སྐྱེད་ལྟ་རྟོག་པ་གིས་ འབད་བ་ཅིན་ གལ་སྲིད་ བྱི་ཙི་གིས་ གནོད་སྐྱོན་རྐྱབ་མི་ལུ་ རྒུད་འཐུས་ཀྱི་སྲིད་བྱུས་ནང་ ཚུད་དེ་མེདཔ་འདྲཝ་འབད་བ་ཅིན་ ལོ་ཐོག་ཉེན་བཅོལ་གྱིས་ ཁྱབ་ཚུགསཔ་སྦེ་ འབད་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ཨ་རྟག་ར་ གཞུང་གི་རྒུད་འཐུས་ལུ་ བསྒུག་སྡོད་ནི་དེ་ཡང་ ཡུན་བརྟན་ཅིག་མི་མཐོང་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཁྲོམ་ཁ་ལས་ ཐོབ་ཚུགས་པའི་ བྱི་ཙི་སྨན་ལ་སོགས་པ་ཚུ་ ལག་ལེན་འཐབ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement