༉ གཞལམ་སྒང་རྫོང་ཁག་ཆ་འོག་ ཀྲོང་རྒེད་འོག་དེ་ སྒང་ཏོ་ཅིག་གུ་ཆགས་ཏེ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྒོད་འོག་དེ་ནང་ ཆུའི་རྐ་ནང་ སྦལཔ་ཡོད་མི་ལུ་བརྟེན་ བཙོག་པ་ཞུགས་དོ་ཡོད་རུང་ ད་རེས་འབད་བ་ཅིན་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་གིས་ བརྩོན་ཤུགས་ཐོག་ལས་ སྤྱི་རུབ་འབད་དེ་ ཆུ་རྐ་འཛིན་སྐྱོང་འཐབ་མི་གིས་ འཐུང་ཆུ་ཧིང་སངས་ས་སྦེ་ ཐོན་དོ་ཡོདཔ་ཨིན་པས།
ཀྲོང་དང་ འབྱོག་ཀ་ལུ་ སྡོད་མི་ཚུ་གིས་ འཐུང་ཆུ་ཉེན་སྲུང་དང་ལྡནམ་སྦེ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཆུ་ལག་ལེན་འཐབ་མི་ཚུ་གིས་ ཚོགས་པ་ཅིག་ བཟོ་ཡོདཔ་ཨིན་པས།
མཐའ་ཟུར་གྱི་གཡུས་ཚན་དེ་ནང་ ཆུ་རྐ་དེ་ ཡུན་བརྟན་འབད་གནས་ཐབས་དང་ འཐུང་ཆུ་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་དམིགས་ཏེ་ གཞུང་དང་ གཞུང་མིན་ལས་ཚོགས(ཨེས་ཨེན་བི་)ཀྱིས་ མཉམ་འབྲེལ་ཐོག་ལས་ འཐུང་ཆུ་གི་མཐུན་རྐྱེན་ཚུ་ བྱིན་ཏེ་ཡོདཔ་ཨིན་པས།
འཐུང་ཆུ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་འཆར་གཞི་ཚུ་ སྦྱོང་བརྡར་བྱིན་ཡོདཔ་ལས་ ཆུ་སྲུངཔ་གིས་ ཆུ་རྐ་ལྟ་རྟོག་འབད་ནི་དང་ གཙང་ཏོག་ཏོ་བཞག་ནི་ དེ་ལས་ གཙང་སྦྲ་འཕྲོད་བསྟེན་སྐོར་ལས་ མི་སྡེའི་ནང་ལུ་ གོ་བརྡ་སྤེལ་དགོཔ་ཨིན་པས།
ཀྲོང་རྒེད་འོག་ གཡུས་བར་སྟོད་ལས་ ཆུ་སྲུངཔ་པདྨ་བཀྲ་ཤིས་ཀྱིས་ སླབ་མིའི་ནང་ ཆུ་ཉེན་སྲུང་དང་ལྡན་བཞག་ནིའི་འཆར་གཞི་དེ་གིས་ འཐུང་ཆུ་དང་འབྲེལ་བའི་དཀའ་ངལ་ ག་བཟུམ་འཐོན་རུང་ ཧེ་མ་ལས་ བསལ་ཚུགས་ནི་ཨིནམ་མ་ཚད་ སྤུས་ཚད་ཅན་ཅིག་བཟོ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཆུའི་རྐ་ནང་ སྦལཔ་དང་པདཔ་ཚུ་འོང་དོ་ཡོདཔ་ད་ འཐུང་ཆུ་ཉེན་སྲུང་འཆར་གཞི་ལུ་བརྟེན་ ཧེ་མ་ལས ལོག་ལྟབ་ཀྱིས་ ཆུ་རྐ་ཧིང་སངས་ས་བཟོ་ཚུགས་ཡི་ཟེར་ཨིནམ་ད་ ཆུ་རྐ་དེ་ དུས་ཡན་ཆུ་ཚོད་༢ དང་ཕྱེད་ཀྱི་ས་ཁར་ ཁ་གྱེན་འཛེགས་ཏེ་འགྱོ་དགོཔ་ཨིན་པས།

མི་སྡེའི་དབང་ཆ།
གཞལམ་སྒང་རྫོང་ཁག་གི་ མི་སེར་ཚུ་གིས་ འཐུང་ཆུ་ཉེན་སྲུང་འབད་ནི་ལུ་ གཙོ་བོ་རིམ་བཟུང་མི་དེ་གིས་ གྲུབ་འབྲས་ཅན་ཅིག་ ཐོན་ཡོདཔ་ཨིན་པས།
ས་གནས་དེ་གི་འགོ་ཁྲིདཔ་དང་ གཞལམ་སྒང་རྫོང་ཁག་ཚོགས་འདུ་ཁྲིའི་འཛིན་ དེ་ལས་ ཀྲོང་རྒེད་འོག་གི་རྒཔོ་ཚུ་གིས་ སླབ་མིའི་ནང་ ཡུན་བརྟན་གནས་ཐབས་ལུ་ ནགས་ཚལ་རྩ་མེད་གཏང་ནི་ལས་ བཀག་ནི་དང་ ཆུ་རྐའི་ཉེ་འདབས་ལུ་ཡོད་པའི་ ཐོན་སྐྱེད་བཏོན་ནི་ཚུ་ ཚད་འཛིན་འབད་དོ་ཡོདཔ་ད་ དེ་ཡང་ ཆུ་རྐའི་རྩ་བར་ ཤིང་དང་ སྦ་འཐུ་ནིའི་ཚུ་ ཚད་འཛིན་འབད་དོ་ཟེར་ཨིན་པས།
གཞལམ་སྒང་དེ་ བརྒྱ་ཆ་༩༤.༡༧ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ད་ དེ་ལས་ རང་བཞིན་གྱི་ཐོན་སྐྱེད་ སྦ་དང་ཚར་ རི་ཁའི་ཚོད་བསྲེ་ཚུ་གིས་ ཁྱབ་སྟེ་ཡོདཔ་ད་ རྒཔོ་དབང་རྒྱལ་གྱིས་ སླབ་མིའི་ནང་ གོང་འཕེལ་གསརཔ་ གཞི་བཙུགས་འབད་བའི་སྐབས་ ཆུའི་རྐ་ལུ་ གནོད་ཉེན་མེད་ཟེར་ བཤདཔ་ཨིན་པས།
འབྱོག་ཀ་རྒེད་འོག་ནང་ མི་སྡེའི་འཐུས་མི་ཚུ་གིས་ ཆུ་དུང་དེ་ ས་འོག་ལུ་བཙུགས་ཡོདཔ་ད་ ཆུ་རྐའི་ཉེ་འདབས་ལུ་ རཝ་བསྒོར་མི་དེ་ཡང་ ཆུ་རྐ་ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་ ཚེ་དབང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཆུ་རྐའི་ཉེ་འདབས་ལས་ཕར་ ཤིང་བཙུགས་ནིའི་འཆར་གཞི་ འགོ་བཙུགས་མི་དེ་གིས་ སྤྱི་འོག་རེ་རེའི་ནང་ ཚོགས་ཆུང་ཅིག་བཟོ་དགོཔ་ད་ དེ་ནང་ལས་ ཆུ་སྲུངཔ་ཅིག་ བཏོན་དགོ་ཟེར་ཨིན་པས།

མཉམ་རུབ་ཐོག་ལས་ ཆུ་འཛིན་སྐྱོང་འཐབ་ཡོདཔ།
ཆུ་འཛིན་སྐྱོང་འཐབ་ནི་དེ་ མི་སྡེའི་ནང་ མཉམ་རུབ་ཐོག་ལས་ འགན་ཁུར་འབག་དགོཔ་ད་ དེ་ཡང་ མི་སེར་ག་ར་གིས་ འཐུང་ཆུ་དེ་ ཡུན་བརྟན་གནས་ཐབས་དང་ མི་ཉམས་རྒྱུན་སྐྱོང་བཞག་ཐབས་ལུ་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།
ཆུ་འཛིན་སྐྱོང་འཐབ་ནིའི་འགན་ཁུར་དེ་ ས་གནས་དེ་གི་ འགོ་ཁྲིདཔ་རྐྱངམ་གཅིག་ལུ་ ཕོགཔ་མེན་པར་ མི་སྡེ་ནང་ ག་ར་ལུ་ ཕོག་ཟེར་ཨིན་པས།
ཀྲོང་རྒེད་འོག་གི་ ཆུའི་འཕྲུལ་རིགཔ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཆུ་རྐ་འཛིན་སྐྱོང་འཐབ་ནི་ལས་ སྣང་མེད་བཞག་མི་དེ་གིས་ སྦལཔ་དང་ ཚལ་མ་སྟུག་དྲགས་སྦེ་འགྱོ་ཡོད་རུང་ ད་རེས་འབདཝ་ད་ ཧིང་སངས་ས་བཟོ་ཡི་ཟེར་ཨིན་པས།
གནམ་བྱཱར་གྱི་སྐབས་ ཆུ་རྐ་བསུབ་འབདཝ་ད་ མི་སེར་ཚུ་ ཆུ་དུང་ཉམས་བཅོས་འབད་ནི་དང་ ཆུ་སྲུངཔ་གིས་ ཆུ་བསགས་མཛོད་ཚུ་ འཁྱུ་ནིའི་སྦྱོང་བརྡར་ཡང་ འབད་ཡོདཔ་ཨིན་པས།
ཆུ་ཉམས་སྲུང་གི་འཆར་གཞི་ མཐར་འཁྱོལ་ཅན་ཅིག་འགྱོ་མི་དེ་གིས་ མི་སྡེའི་ནང་ མི་སེར་ཚུ་གི་རྒྱུད་ལུ་ སེམས་ཤུགས་སྦོམ་ཐོབ་ཡོདཔ་ད་ དེ་ཡང་ ཆུ་རྐ་འཛིན་སྐྱོང་འཐབ་ནིའི་འཆར་དངུལ་ ཕྱི་ལས་གྲོགས་རམ་འཚོལ་མ་དགོ་པར་ འཐུང་ཆུ་སྲུང་སྐྱོབ་འབད་དེ་ ཡུན་བརྟན་གནས་ཐབས་ལུ་ཨིན་ཟེར་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

གདོང་ལེན་དང་ ཆུ་ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ།
ཆུ་ཉམས་སྲུང་གི་གྲུབ་འབྲས་དེ་ མཐར་འཁྱོལ་ཅན་སྦེ་འགྱོ་མི་དེ་གིས་ མི་སྡེའི་ནང་ སེམས་ཤུགས་ཐོབ་ཡོད་རུང་ ཆུ་རྐ་ལ་ལུ་ཅིག་ མ་འོངས་པ་ལུ་ ཚ་གྱང་ཅན་སྦེ་འདུག་ཟེར་ཨིནམ་ད་ དེ་ཡང་ ཆུ་སྲུངཔ་ པདྨ་གིས་སླབ་མིའི་ནང་ ད་ལྟོ་ ཆུ་རྐ་ཡོད་མི་དེ་ ལོ་གཉིས་གསུམ་གྱི་རྒྱབ་ལས་ སྐམ་འགྱོ་ནིའི་ཉེན་ཁ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
རྒཔོ་དབང་རྒྱལ་གྱིས་ སླབ་མིའི་ནང་ ཀྲོང་- དྭངས་མཁར་སྤྱི་འོག་ནང་ཡང་ ཁྲོམ་རྒྱ་སྐྱེད་འབད་བའི་ཁར་ མི་རློབས་ཡར་སེང་སོང་ནི་དེ་གིས་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཐོན་དོ་ཟེར་ཨིན་པས།
གཞུང་མིན་ལས་ཚོགས་(ཨེས་ཨེན་ཝི)ཀྱིས་ ཞིབ་འཚོལ་འབད་མིའི་ནང་ གནམ་གཤིས་ཀྱི་འགྱུར་བ་ལུ་བརྟེན་ རྒྱལ་ཁབ་ནང་ ཆརཔ་རྐྱབ་ཚུལ་དང་ ཚ་དྲོད་ཡར་འཕར་འགྱོ་མི་དེ་གིས་ འཐུང་ཆུའི་སྤུད་ཚད་དང་ ཚད་གཞི་ཚུ་ལུ་ གནོད་པ་སྦོམ་བྱུང་སྟེ་འདུག་ཟེར་ཨིནམ་ད་ འདི་ལུ་བརྟེན་ གཙང་སྦྲ་འཕྲོད་བསྟེན་དང་ གཟུགས་ཁམས་དང་འབྲེལ་བའི་ དཀའ་ངལ་ཚུ་བྱུངམ་མས་ཟེར་ཨིན་པས།
བཟོ་རིག་གཙོ་འཛིན་ངོ་ཚབ་ ཨོ་རྒྱན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ འཐུང་ཆུ་ལས་ཁུངས་ཀྱིས་ རྒྱུ་རྐྱེན་ཚུ་ ཞིབ་དཔྱད་འབད་དེ་ ཐབས་ཤེས་བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
རྒཔོ་དབང་རྒྱལ་གྱིས་ སླབ་མིའི་ནང་ མ་འོངས་པའི་དོན་ལས་ ཆུ་ཉམས་སྲུང་འབད་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ ཨིན་པའི་གནས་ཚུལ།

སངས་རྒྱས་མཚོ་མོ།

Advertisement