༉ འབྲུག་བྱ་རིགས་དུས་སྟོན་ཐེངས་༤ པ་ རན་དོ་ཡོདཔ་ལས་ དུས་སྟོན་དེ་ གཞན་དང་མ་འདྲཝ་ཅིག་འོང་ནི་ཨིནམ་ད་ དེ་གིས་ གཞལམ་སྒང་ལུ་ ལས་རིམ་གསརཔ་དང་ སྤྲོ་བ་ཅན་གྱི་ལས་རིམ་ཚུ་ འོང་ནི་ཨིན་པས།
ལས་རིམ་གསར་པའི་གྲངས་སུ་ བྱ་བལྟ་ནིའི་ལམ་གསརཔ་དང་ རྒྱུག་འགྲན་ རྟ་རྒྱུག་རྐྱབ་ནི་ལ་སོགས་པ་ཚུ་ཡོདཔ་ད་ དུས་སྟོན་ལས་རིམ་དེ་ སྤྱི་ཟླ་༡༡ པའི་ཚེས་༡༣ དང་༡༤ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དུས་སྟོན་དེ་ཁར་ རང་བཞིན་དང་ སྤྲོ་སྣང་ཅན་ལུ་ དགའ་མི་ཚུ་གི་དོན་ལས་ དམིགས་ཡུལ་བསྐྱེད་དོ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ ཏིང་ཏི་སྦིས་ལུ་ དུས་སྟོན་གྱི་དོན་ལུ་ ས་ཆ་ཨེ་ཀར་༣.༧ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ དེ་ཁར་ རྒེད་འོག་༨ ཡོད་མི་རྒེད་འོག་རེ་ལས་ ས་གནས་ཀྱི་མི་༥ རེ་གིས་ ཡུན་བརྟན་ཤིང་བཟོ་བཀོད་རིས་ཀྱི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
དུས་སྟོན་གྱི་འཛིན་སྐྱོང་པ་ རྫོང་རབ་ཊི་ཀ་རམ་གུ་རུང་གིས་ བཤད་མིའི་ནང་ ད་རེས་ཀྱི་ བཀོད་རིས་གསར་པའི་ནང་ ཤིང་གིས་བཟོ་མི་ ཚོང་ཁང་གསརཔ་༦ དང་ ཚོང་ཁང་རེ་ནང་ རིང་ཚད་མི་ཊར་༡༥ དང་ རྒྱ་ཚད་མི་ཊར་༢.༥ རེ་ཡོདཔ་ད་ དེ་ཁར་ ཤེས་རིག་འགྲེམས་སྟོན་དང་ བཟའ་འཐུང་གི་འགྲེམས་སྟོན་ཚུ་འོང་ནི་ཨིནམ་ད་ ད་རུང་ ཚོང་འབྲེལ་གྱི་དོན་ལུ་ ཚོང་ཁང་གཞན་ཚུ་ཡང་ གུར་སྤུབ་ཐོག་ལས་ བཟོ་ནིའི་འཆར་གཞི་ཡོདཔ་ཨིན་པས།
ཁྱིམ་ཐོག་གི་དོན་ལུ་ ཤིང་ལེབ་ཚུ་ སྤ་རོ་ལས་འབག་འོང་ནི་དང་ སྟེགས་ཁྲི་སྦོམ་འབད་མི་དང་ ཕྱི་རུའི་ལས་རིམ་དོན་ལུ་ འཁྲབ་སྟེགས་ཚུ་ ད་ལྟོ་ བཟོ་བའི་བསྒང་ཡོདཔ་ད་ མི་མང་གི་ གསང་སྤྱོད་ཚུ་ རྐྱབ་ཚར་ཡོདཔ་ཨིན་པས།
འདི་བཟུམ་གྱི་བཟོ་བཀོད་ཚུ་ བཟོ་ཡོད་མི་དེ་གིས་ སང་ཕོད་ལས་འབད་བ་ཅིན་ བཅའ་སྒྲིག་གི་དོན་ལུ་ ལཱ་ཚུ་འཇམ་ནི་དང་ ཤུལ་ལས་འགྲོས་ཀྱིས་སྦེ་ འབྲུག་བྱ་རིགས་དུས་སྟོན་དེ་ མི་སྡེ་གིས་ འཛིན་སྐྱོང་འཐབ་ནི་ཨིན་ཟེར་ཨིན་པས།
ཊི་ཀ་རམ་གུ་རུང་གིས་ བཤད་མིའི་ནང་ རྫོང་ཁག་གི་ལས་བྱེདཔ་ཚུ་ རེས་གཟའ་ཉིམ་དང་ ཟླ་བའི་སྐབས་ལུ་ཡང་ དུས་སྟོན་གྱི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་ད་ དུས་སྟོན་ཐང་ནང་ རྩྭ་བཙུགས་ཡོད་རུང་ ཆརཔ་རྐྱབ་ད་ དུམ་གྲ་ཅིག་ འདམ་ཐོནམ་མས་ཟེར་ཨིན་པས།
དུས་སྟོན་དེ་ སྤྲོ་བ་ཅན་བཟོ་ནིའི་དོན་ལུ་ ལས་རིམ་ཚུ་གི་གྲས་ལས་ སྐྱེས་ལོ་༣༤ འབད་མི་ཚུ་ལུ་ ཀི་ལོ་མི་ཊར་༢༡ འབད་མི་ བང་རྒྱུག་ལས་རིམ་དང་ སྐྱེས་ལོ་༣༥ ཡན་ཆད་འབད་མི་ཚུ་ལུ་ཡང་ ལས་རིམ་དེ་ཡོདཔ་བཞིན་དུ་ ཨམ་སྲུ་ཚུ་གི་དོན་ལུ་ ཀི་ལོ་མི་ཊར་༡༨ འབད་མི་ བང་རྒྱུག་ལས་རིམ་དེ་ ལོ་ཚད་ག་ར་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
རྟ་རྒྱུག་རྐྱབ་ནི་གི་ ལས་རིམ་ཚུ་ཡང་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ད་ལྟོ་ལས་ར་ རྟ་རྒྱུག་རྐྱབ་ནི་གི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།
ནགས་ཚལ་བརྒྱ་ཆ་༩༤.༧ ཁྱབ་སྟེ་ཡོདཔ་ལས་ གཞལམ་སྒང་གིས་ སྐྱེ་ལྡན་གནས་སྟངས་ལྟེ་བ་སྦེ་ ཁོང་ར་གིས་ གསར་བཟོ་འབད་ཡོདཔ་ད་ བྱ་བལྟ་ནིའི་རྒྱུན་ལམ་དེ་ གཞལམ་སྒང་ལས་ ཏིང་ཏི་སྦིས་ཚུན་ ཀི་ལོ་མི་ཊར་༣༦ དང་ དག་འཕེལ་ལས་ ཀི་ལོ་མི་ཊར་༣༥ བུ་ལི་ལས་ ཏིང་ཏི་སྦིས་ཚུན་ ཀི་ལོ་མི་ཊར་༥༧ པཱན་སྦང་ལས་ ཏིང་ཏི་སྦིས་ཚུན་ ཀི་ལོ་མི་ཊར་༧༥ ཀོ་ས་ལ་ལས་ ཏིང་ཏི་སྦིས་ཚུན་ ཀི་ལོ་མི་ཊར་༥༥ བཱ་ཏེ་ཤེ་ལས་ ཏིང་ཏི་སྦིས་ཚུན་ ཀི་ལོ་མི་ཊར་༦༥ ཡོདཔ་ཨིན་པས།
འབྲུག་བྱ་རིགས་བལྟ་ནིའི་ལས་རིམ་དེ་ གཞན་དང་མ་འདྲ་བའི་ ལས་རིམ་ཅིག་ཨིནམ་ད་ དེ་གིས་ རང་བཞིན་དང་ མཐའ་འཁོར་གནས་སྟངས་ཉམས་སྲུང་གིས་མ་ཚད་ མི་སྡེ་ཚུ་ལུ་ཡང་ ཁེ་ཕན་ཡོད་ཟེར་ཨིན་པས།
དུས་སྟོན་དེ་ཁར་ གཞལམ་སྒང་གི་ སྔར་སྲོལ་བཟང་བའི་ལམ་སྲོལ་དང་ སྔོན་རབས་ཚུ་སྟོན་ནི་གིས་མ་ཚད་ དུས་སྟོན་ནང་འོང་མི་ཚུ་གིས་ ཚར་གྱིས་བཟོ་མིའི་ ཁྱད་ཆོས་ཚུ་ཡང་ ལྟ་རྟོག་འབད་ཚུགས་ནི་ཨིན་པས།
གཞལམ་སྒང་རྫོང་ཁག་དེ་ རྒྱལ་ཁབ་ནང་ བྱ་རིགས་མང་ཤོས་ཡོད་པའི་ ས་ཁོངས་ཅིག་ཨིནམ་ད་ དེ་གུ་ དང་ཕུ་ལས་ཡོད་པའི་ལམ་ཚུ་ བསྐྱར་གསོ་འབད་དོ་ཡོདཔ་ད་ དུས་སྟོན་དེ་ཁར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ཡང་ བརྩི་སྲུང་ཞུ་ནི་ཨིན་པས།
དམངས་མི་རྡོ་རྗེ་དབང་ཕྱུག་གིས་ བཤད་མིའི་ནང་ དུས་སྟོན་དེ་གིས་ རྒེད་འོག་གི་མི་སེར་ཚུ་ལུ་ དངུལ་གྱི་ཁེ་ཕན་ཚུ་ འབྱུང་ཚུགས་པའི་ཁ་ར་ ས་གནས་བེར་ཏི་ལུ་ གྲོང་གསེབ་མགྲོན་སྐྱོང་ཁང་༥ ཡོད་མི་ཚུ་ལུ་ཡང་ དུས་སྟོན་དེ་གིས་ ཁེ་ཕན་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement