༉ གཞལམ་སྒང་ལུ་ སློབ་གྲྭ་ཆུང་བ་༩ ནང་ སློབ་ཕྲུག་འཛུགས་ཞུགས་འབད་མི་ མེད་མི་ལུ་བརྟེན་ གདོང་ལེན་བྱུང་དོ་ཡོདཔ་ད་ སློབ་དུས་ཀྱི་དོན་ལུ་ སློབ་ཕྲུག་༡༢༢ མ་གཏོགས་མེདཔ་ཨིན་པས།
གདོང་ལེན་བྱུང་མི་སློབ་གྲྭ་ཚུ་ཡང་ བར་དོ་དང་ ལྡི་ག་ལ་ ཉིམ་གཤོང་ ཤིང་མཁར་ཁྲི་ས་ ནང་སྐོར་སྐྱིད་ཁར་ ཀྲོང་འདུན་མང་ ཚང་ལ་ལྗོངས་ འཕང་མཁར་ལུ་ རྟ་སྡིངས་ལྗོངས་ ངང་ལ་རི་པ་ཏི་ དེ་ལས་ འབྱོག་དཀར་བར་སྤོང་ཚུ་ནང་ བློ་གསར་སློབ་རིམ་ལས་འགོ་བཙུགས་ སློབ་རིམ་༣ པ་ཚུན་ སློབ་ཕྲུག་ཉུང་བའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།
སློབ་གྲྭ་རེ་ནང་ སྐྱེས་ལོ་༦ ལས་༡༨ ཀྱི་བར་ན་འབད་མི་ སློབ་ཕྲུག་ཚུ་ཡོདཔ་ཨིན་པས།
རྟ་སྡིངས་ལྗོངས་སློབ་གྲྭ་ཆུང་བའི་ནང་ ད་རེས་ སློབ་ཕྲུག་གསརཔ་འཛུལ་མི་མེདཔ་ལས་ ལོ་ཤུལ་མམ་གྱི་དོན་ལུ་ སློབ་གྲྭ་ནང་ སློབ་ཕྲུག་༦ མ་གཏོགས་མེདཔ་ཨིན་པས།
སྤྱིར་སྙོམས་ལུ་ སློབ་གྲྭ་ཆུང་བ་དེ་ཚུ་ནང་ སློབ་དཔོན་༡༩ དང་ ལས་བྱེདཔ་༡༧ ཡོདཔ་ལས་ སློབ་དཔོན་དང་ སློབ་ཕྲུག་གི་ཆ་ཚད་ནང་ བརྒྱ་ཆ་༡.༥ སྦེ་ ཡོད་པའི་གྲུབ་འབྲས་ཨིན་པས།
ཉིམ་གཤོང་སློབ་གྲྭ་ཆུང་བ་ལས་ ད་རེས་འཕྲལ་ཁམས་ཅིག་ཁར་ སློབ་དཔོན་༢ གནས་སོར་སོང་ཡོདཔ་ལས་ ད་ལྟོ་ སློབ་གྲྭ་ནང་ སློབ་དཔོན་མེདཔ་ཨིན་པས།
གནད་དོན་ཚུ་ལུ་བརྟེན་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ ཉེ་འདབས་ལུ་ཡོད་པའི་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ མཉམ་སྡེབ་འབད་དོ་ཡོདཔ་ད་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་མེད་མི་དེ་ གཙོ་བོ་ར་ དྲོ་མཛར་དང་ ཉིན་ལྟོ་ཚུ་ཐོབ་སྟེ་འབད་རུང་ སྡོད་ས་མེད་པའི་ དཀའ་ངལ་ལུ་བརྟེན་ བྱུང་དོ་ཡོདཔ་སྦེ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ བཤད་མིའི་ནང་ ལྟོ་ཐོབ་སློབ་གྲྭ་བཟོ་ནིའི་དོན་ལུ་ སློབ་གྲྭ་རྒྱུན་སྐྱོང་དང་ ཉམས་བཅོས་ཚུ་འབད་དེ་ ཨ་ལུ་ཚུ་ འཛུལ་ཞུགས་འབད་ནིའི་དོན་ལུ་ ལྟོ་ཐོབ་སློབ་གྲྭ་གྲ་སྒྲིག་འབད་ནི་ཨིན་ཟེར་ ཕམ་ཚུ་ལུ་ ཁས་ལེན་འབད་བའི་ཁར་ ད་ལྟོ་ཡོད་པའི་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་ཡང་ སློབ་ཕྲུག་ཐེབས་ཤོང་བའི་ ཚོད་རྩིས་ཡོད་ཟེར་ཨིན་པས།
འདུན་མང་དང་ བར་སྤོང་གཉིས་མ་གཏོགས་པའི་ སློབ་གྲྭ་གཞན་མི་ཚུ་ནང་ ཉེ་འདབས་ལུ་ ལྟོ་ཐོབ་སློབ་གྲྭ་གི་ གོ་སྐབས་ཡོད་ཟེར་ཨིན་པས།
ད་རུང་ རྟ་སྡིངས་ལྗོངས་སློབ་གྲྭ་དེ་ འབད་བ་ཅིན་ སྒོམ་ཕུག་སློབ་གྲྭ་ཆུང་བ་ནང་ མཉམ་སྡེབ་འབད་ཚུགས་ནི་ཨིནམ་བཞིན་དུ་ འགོ་དཔོན་གྱིས་ འབད་བ་ཅིན་ སློབ་གྲྭ་དེ་ དུས་ཡུན་ཆུ་ཚོད་༢ ཀྱི་ འགྲོ་འགྲུལ་འབད་དགོ་པའི་ས་གནས་ཁར་ ཡོད་ཟེར་ཨིན་པས།
གོ་སྐབས་དེ་ སློབ་དུས་ཀྱི་གྲུབ་འབྲས་དང་འཁྲིལ་ ངོས་ལེན་འབད་ནི་དང་ སློབ་ཕྲུག་ཨ་ལུ་ཚུ་ལུ་ བཅུད་ལྡན་གྱི་བཞེས་སྒོ་ཚུ་ བྱིན་ནི་ཨིན་ཟེར་ ཨིནམ་བཞིན་དུ་ ལྟོ་ཐོབ་སློབ་ཕྲུག་ཚུ་གིས་ ཉིན་ཆོས་ལྷབ་མི་དང་ཕྱདཔ་ད་ གྲུབ་འབྲས་ཡང་ ལེགས་ཤོམ་ཐོན་ཡོདཔ་སྦེ་ཨིན་པས།
ཤེས་རིག་འགོ་དཔོན་གྱིས་ བཤད་མིའི་ནང་ ལྟོ་ཐོབ་ཡོད་པའི་ སློབ་གྲྭ་ཆུང་བ་ཚུ་ནང་ འཛིན་སྐྱོང་འཐབ་མི་ ལས་བྱེདཔ་ཚུ་ ཡོད་པའི་ཁར་ སློབ་གྲྭ་ལ་ལུ་ཅིག་ནང་ གོ་ལ་འཁྱུ་ནིའི་ འཕྲུལ་ཆས་ཚུ་ཡང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
སློབ་གྲྭ་མཉམ་སྡེབ་འབད་ནིའི་ འཆར་གཞི་དེ་ ས་གནས་འགོ་ཁྲིདཔ་དང་ གཡུས་མི་ཚུ་གིས་ གདོང་རྒོལ་འབད་དོ་ཡོདཔ་ད་ ས་གནས་འགོ་ཁྲིདཔ་ཚུ་གིས་ ད་ལྟོ་ཡོད་པའི་སློབ་གྲྭ་ཚུ་ གཞི་རྟེན་མཐུན་རྐྱེན་ཡར་རྒྱས་བཏང་ནི་ཚུ་ འབད་བ་ཅིན་ སློབ་ཕྲུག་མངམ་གིས་ འཛུལ་ཞུགས་འབད་འོང་ཟེར་ཨིན་པས།
ངང་ལ་ ར་པ་ཏི་ཚོགས་པ་ སངས་རྒྱས་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ གལ་སྲིད་ སློབ་གྲྭའི་མཐུན་རྐྱེན་ཚུ་ ལེགས་བཅོས་འབདཝ་འདྲཝ་འབད་བ་ཅིན་ ཁོ་གི་སྤྱི་འོག་གིས་ སློབ་ཕྲུག་གི་འཛུལ་ཞུགས་འབད་ནི་ལུ་ ཤུགས་བཏོན་ནི་ཨིན་ཟེར་ཨིནམ་ད་ སློབ་གྲྭ་དེ་ ས་གནས་ནང་སྡོད་མི་ཚུ་གིས་ འབུངས་འགུལ་གྱི་ལཱ་འབད་དེ་ བཟོ་སྐྲུན་འབད་ཡི་ཟེར་ཨིནམ་ད་ དེ་གིས་ མི་སྡེ་ཚུ་ལུ་ ཕན་ཐོགས་སྦོམ་ར་བྱུང་ཡི་ཟེར་ཨིནམ་ལས་ མི་སྡེའི་ནང་ སློབ་གྲྭ་ར་མེད་པའི་བསྒང་ལས་ གདོང་ལེན་ཚུ་ བྱུངམ་མས་ཟེར་ཨིན་པས།
ར་པ་ཏི་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་༢༦ མ་གཏོགས་མེདཔ་ད་ སང་ཕོད་ལས་འབད་བ་ཅིན་ སློབ་ཕྲུག་བརྒྱད་མ་གཏོགས་ མི་འོང་ནི་མས་ཟེར་ཨིནམ་ད་ སློབ་ཁང་དེ་ཡང་ སློབ་སྡེ་ཅིག་མར་ཕབ་འབད་མི་དེ་ཡང་ སློབ་ཁང་ནང་ སློབ་ཕྲུག་གཉིས་ཡོད་མི་དེ་ པཱན་སྦང་ལུ་ གནས་སོར་བཏང་མི་ལུ་བརྟེན་ཨིན་པས།
སློབ་དཔོན་ལ་ལུ་ཅིག་གིས་ མི་རློབས་མར་བབས་སོང་མི་ལུ་བརྟེན་ ཨིནམ་སྦེ་སླབ་པའི་ཁར་ ལ་ལུ་ཅིག་ གནས་སོར་འགྱོ་དོ་ཡོདཔ་མ་ཚད་ སློབ་ཕྲུག་མང་ཤོས་ཅིག་གིས་ མཐུན་རྐྱེན་ལེགས་ཤོམ་ཡོད་པའི་ ཁྲོམ་སྡེའི་སློབ་གྲྭ་ཚུ་ནང་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
གཞལམ་སྒང་ལུ་འབད་བ་ཅིན་ སྤྱི་ལོ་༢༠༡༧ ལུ་ མི་རློབས་༡༧,༧༦༣ འབད་མི་དེ་ སྤྱི་ལོ་༢༠༢༤ ལུ་༡༦,༥༧༣ ལུ་ མར་བབས་སོང་མི་གིས་ འདས་པའི་ལོ་བདུན་གྱི་ནང་འཁོད་ལུ་ མི་རློབས་༡,༡༩༠ དེ་ཅིག་ མར་བབས་སོང་ཡོདཔ་ད་ བརྡ་སྟོན་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༥ ལུ་ མི་རློབས་༡༦,༣༨༤ ལུ་ མར་བབས་འགྱོ་ནི་མས་ཟེར་ སྤྱི་ལོ་༢༠༡༧-༢༧ གྱི་ རྫོང་ཁག་མི་རློབས་ཚོད་རྩིས་དང་ བསྟུན་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།