༉ ཁ་ཙ་ རྒྱ་གར་ནིའུ་ལྡི་ལི་ལུ་སྦེ་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ བི་རྣམ་རྒྱལ་དང་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེ་ཆི་ཨོ་ནོ་གཉིས་ཀྱི་བར་ན་ བསྐྱར་བཟོ་འབད་བཏུབ་པའི་ མེ་བསད་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ གྲོགས་རམ་གྱི་ གན་ཡིག་ཅིག་གུ་ མཚན་རྟགས་བཀོད་ནུག།
ལས་འགུལ་དེ་གི་འོག་ལུ་ ཇ་པཱན་གཞུང་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ མེ་བསད་དང་ཉེན་སྐྱོབ་ཞབས་ཏོག་སྡེ་ཚན་ལུ་ མེ་བསད་དང་ སྲོག་སྐྱབས་ཀྱི་ཞབས་ཏོག་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ བསྐྱར་བཟོ་འབད་བཏུབ་པའི་ མེ་བསད་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་༢༣༡,༢༣༥ གྲོགས་རམ་འབད་ནི་ཨིན་པས།
མ་དངུལ་དེ་ཡང་ ཇ་པཱན་གྱིས་ ས་གནས་གཞུང་དང་ ཞི་བའི་མི་སྡེ་ལས་ཚོགས་ཚུ་ལུ་ གོང་འཕེལ་གྱི་ ལས་འགུལ་ཆུང་ཀུ་ཚུ་ ལག་ལེན་འཐབ་ནི་ལུ་ རྒྱབ་སྐྱོར་འབད་མི་ གཞི་རྟེན་ལས་འགུལ་གྱི་ གྲོགས་རམ་ལས་རིམ་གྱི་ ཆ་ཤས་ཅིག་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ གཞི་རྟེན་ལས་འགུལ་ལུ་བརྟེན་ འབྲུག་རྒྱལ་ཁབ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
ཇ་པཱན་གཞུང་གིས་ འབྲུག་ལུ་ ཤེས་རིག་དང་ སོ་ནམ་ བརྒྱུད་འཕྲིན་ གྲོང་གསེབ་གློག་མེ་ ཟམ་རྐྱབ་ནི་ སློབ་གྲྭ་རྐྱབ་ནི་ སོ་ནམ་འཕྲུལ་ཆས་ མེ་བསད་འཕྲུལ་ཆས་ ཁྲིམས་སྲུང་འགག་སྡེའི་ སྐོར་སྲུང་སྣུམ་འཁོར་ ཕྱགས་སྙིགས་བསྡུ་ལེན་གྱི་སྣུམ་འཁོར་ཊཱག་ ནདཔ་བསྐྱལ་ལེན་སྣུམ་འཁོར་ དེ་ལས་ གསོ་བའི་སྨན་བཅོས་ཅ་ཆས་ཚུ་ནང་ རྒྱབ་སྐྱོར་སྦོམ་སྦེ་ར་ འབད་དེ་ཡོདཔ་ཨིན་པས།
གཞུང་ཚབ་ ཝི་རྣམ་རྒྱས་ཀྱིས་ ཇ་པཱན་གཞུང་ལུ་ འབྲུག་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་གནང་མི་ལུ་ འབྲུག་རྒྱལ་གཞུང་གི་ཁ་ཐུག་ལས་ དགའ་ཚོར་སྦོམ་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement