༉ གཞུང་གིས་ བཙག་འཐུའི་སྐབས་ ཁག་འབག་ལས་བྱེདཔ་ཚུ་ གཏན་འཇགས་བཟོ་ནིའི་ ཁས་བླངས་འབད་རུང་ གྲུབ་མི་ཚུགས་ནི་བཟུམ་ཅིག་ཡོདཔ་ཨིན་པས།
དེ་ཡང་ གཞུང་གིས་ བདེ་སྒྲིག་དང་ གྲོས་འདེབས་ཚུ་ མང་རབས་ཅིག་བཀོད་ཡོད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཁག་འབག་ལས་བྱེདཔ་ཚུ་ གཏན་འཇགས་བཟོ་ནི་གི་ ངོས་ལེན་མེད་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ལས་ ཁག་འབག་ཐོག་ལུ་ཡོད་མི་ ལས་བྱེདཔ་སྟོང་ཕྲག་ལས་བཅད་མི་ཚུ་གི་ མ་འོངས་དེ་ ག་དེ་སྦེ་ སྡོད་འོང་ག་ ངེས་མེད་གནས་སྟངས་ཐོག་ལུ་ ཡོདཔ་ཨིན་པས།
མ་གཞི་ གཞུང་གིས་ ཁག་འབག་ལས་བྱེདཔ་ཚུ་ ཁག་འབག་ལས་ པེ་ར་རི་གུ་ལར་ བཟོ་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ བསྒྱུར་བཅོས་བསྟར་སྤྱོད་དེ་ ནམ་ལས་འབད་ནི་ཨིན་ན་ གཏན་འཁེལ་སྦེ་ ཚེས་གྲངས་ཅིག་ བཀོད་དེ་མེདཔ་ཨིན་པས།
པེ་ར་རི་གུ་ལར་ཟེར་མི་ ཁག་འབགཔ་ཐོག་ལུ་ཨིན་རུང་ ཐོབ་ཐངས་དང་ འཐུས་མི་ཚུ་ གཏན་འཇགས་ཀྱི་ ཞི་གཡོག་ཚུ་བཟུམ་སྦེ་ འཐོབ་ཚུགས་ནི་ཨིན་པས།
ཆ་ཤས་ཀྱི་ ཐབས་ལམ་ཅིག་སྦེ་ གཞུང་གིས་ གཞི་རིམ་ལས་གཡོག་དང་ སྤྱིར་བཏང་ལས་གཡོག་ཚུ་གི་ ཁག་འབག་དུས་ཡུན་དེ་ ལོ་༣ ལས་༥ ཚུན་ ཡར་སེང་འབད་ཡོདཔ་ཨིན་པས།
ཁག་འབག་ལས་གཡོགཔ་ཚུ་ གཏན་འཇགས་ཞི་གཡོགཔ་ཅིག་སྦེ་ བཟོ་ནི་དེ་ བཙག་འཐུའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་ ཡོངས་གྲགས་ཅན་གྱི་ ཁས་བླངས་ཅིག་ཨིན་པའི་ཁར་ བློན་ཆེན་གྱིས་ ཡིག་ཚང་རྩིས་ལེན་ཏེ་ ཉིན་དང་པའི་ བཀོད་ཁྱབ་བཀའ་རྒྱ་ཅིག་ཡང་ཨིན་པས།
ཨིན་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་འབདཝ་ལས་ དེ་དང་འཁྲིལ་ཏེ་ འགན་ཁུར་དང་ འགན་འཁྲི་དང་ སྲིད་བྱུས་ཚུ་ཡོདཔ་ལས་ ཁས་བླངས་དེ་ གྲུབ་མི་ཚུགས་ནི་བཟུམ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༡༢ པའི་ནང་འཁོད་ལུ་ ཞི་གཡོགཔ་ཡོངས་བསྡོམས་༢༨,༤༠༦ ཡོད་མིའི་གྲས་ལས་༥,༢༣༣ དེ་ ཁག་འབག་ལས་གཡོགཔ་འབདཝ་ད་ ཡོངས་བསྡོམས་ལས་ བརྒྱ་ཆ་༡༨.༤༢ ཀྱི་རྩིས་ཨིན་པས།
ཁག་འབག་ལས་གཡོགཔ་ མཐོ་ཤོས་ར་ ཤེས་རིག་ལས་སྡེ་ནང་ཡོདཔ་ད་ དེ་གི་འོག་ལས་ རྒྱལ་ཡོངས་གསོ་བའི་ཞབས་ཏོག་ནང་ ཡོདཔ་ཨིན་པས།
ཤེས་རིག་ལས་སྡེ་རྐྱངམ་གཅིག་ནང་ ལས་གཡོགཔ་༡༢,༡༩༠ ཡོད་མི་ལས་ གཏན་འཇགས་ཁག་འབག་སློབ་དཔོན་༨༠༠ དང་ རྒྱལ་ཡོངས་ཁག་འབག་སློབ་དཔོན་༡,༢༠༠ བརྩིས་ཏེ་༣,༢༣༤ ཁག་འབག་ཐོག་ལུ་ཡོདཔ་ཨིན་པས།
ཁག་འབག་སློབ་དཔོན་ མང་ཤོས་ཅིག་ལུ་ སློབ་སྦྱོང་མ་ཐོབ་མི་ཚུ་ཡོདཔ་ལས་ མི་ཚུ་གིས་ ཤེས་རིག་གི་ སྤུས་ཚད་དང་འབྲེལ་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༣ ལུ་ རྒྱལ་ཡོངས་གསོ་བའི་ཞབས་ཏོག་ནང་ ཁག་འབག་ཐོག་ལུ་ ལས་གཡོག་༥༣༥ གསར་བཙུགས་འབད་ཡོདཔ་ཨིན་པས།
དམིགས་བསལ་དུ་ ཤེས་རིག་ལས་སྡེ་ནང་ ཁག་འབག་ཐོག་གི་ ལས་གཡོགཔ་ཚུ་ སྐྱིན་འགྲུལ་དང་ དགོངས་ཞུའི་འཐུས་ ཟུར་ཕོགས་ ཚེ་གཡོག་ཡར་སེང་ དེ་ལས་ གནས་སོར་ལ་སོགས་པ་ཚུ་ མ་ཐོབ་པའི་དཀའ་ངལ་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ལས་གཡོགཔ་མང་ཤོས་ཅིག་ སེམས་ཤུགས་ཉམས་མི་དེ་གིས་ སློབ་ཕྲུག་ཚུ་གི་ གྲུབ་འབྲས་ལུ་ ཐོ་ཕོག་པའི་ཁར་ ལྷབ་སྦྱང་དང་ གོང་འཕེལ་ལུ་ཡང་ ཁྱད་པར་ཞུགས་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་སྡེའི་ ཤེས་རིག་གི་དམིགས་བསལ་ཚོགས་ཆུང་གིས་ གཞུང་ལུ་ ཁག་འབག་ཐོག་ལུ་ཡོད་པའི་ ལས་གཡོགཔ་ཚུ་ གཏན་འཇགས་བཟོ་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
ཚོགས་ཆུང་གིས་ གལ་སྲིད་ ད་ལྟོའི་ ལམ་ལུགས་ནང་ གཏན་འཇགས་བཟོ་མ་ཚུགས་པ་ཅིན་ ཁག་འབག་སློབ་དཔོན་ གསར་བཙུགས་འབད་ནི་དེ་ བཤོལ་བཞག་དགོ་པའི་ གྲོས་འདེབས་བཀོད་དེ་ཡོདཔ་ཨིན་པས།
ད་རེས་ནངས་པ་ རྫོང་ཁག་མི་སྟོབས་ཚོགས་ཆུང་གིས་ ཁག་འབག་གནས་ཡུན་དེ་ ལོ་༢ ལས་༡ ལུ་ མར་ཕབ་འབད་ནིའི་ གྲོས་བསྟུན་བྱུང་མི་དེ་ཡང་ ཁག་འབག་སློབ་དཔོན་ཚུ་ གཏན་འཇགས་ལས་བྱེདཔ་ཚུ་གིས་ ཚབ་བཙུགས་འབད་ནིའི་དོན་ལུ་ཨིན་པས།
ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གི་ གདམ་ཁ་ཅན་གྱི་འཆར་གཞི།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལམ་ལུགས་ལུ་བརྟེན་ ཞི་གཡོགཔ་ཚུ་ གཏན་འཇགས་བཟོ་ནི་དེ་ གདོང་ལེན་ཅན་ཅིག་ཨིནམ་ལས་ ལྷན་ཁག་གིས་ གདམ་ཁ་ཅན་གྱི་ འཆར་གཞི་ཅིག་ཡང་ གྲོས་འཆར་བཀོད་དེ་ ཡོདཔ་ཨིན་པས།
སློབ་སྟོན་ལས་གཡོགཔ་ཚུ་ ཁྱད་རིག་ཅན་དང་ ཁག་འབག་སློབ་དཔོན་ཚུ་ གཏན་འཇགས་ཞི་གཡོག་གི་ འགན་འཁྲི་ལུ་ བརྗེ་སོར་འབད་ནིའི་དོན་ལས་ ལྷན་ཁག་གིས་ སྤྱི་ལོ་༢༠༢༥ ལུ་ རྒྱལ་ཡོངས་སློབ་དཔོན་གནས་ཚད་གཞི་བཀོད་ཐབས་ལམ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ སླབ་མིའི་ནང་ གཞི་བཀོད་ནང་ ཁག་འབག་སློབ་དཔོན་ཚུ་ སྦྱོང་བརྡར་བྱིན་ནི་གི་ ལས་རིམ་ཚུ་ བཙུགས་ཏེ་ཡོད་པའི་ཁར་ འཆར་གཞི་ནང་ ཁག་འབག་སློབ་དཔོན་ཚུ་ལུ་ ཤེས་རིག་ནང་ ཌེབ་ལོ་མའི་ཤེས་ཚད་དང་ སློབ་སྟོན་ཞབས་ཏོག་ཚད་གཞི་ཀྱི་ ཆོས་རྒྱུགས་ཚུ་ལས་ མཐར་འཁྱོལ་དགོཔ་སྦེ་ ཡོད་ཟེར་ཨིན་པས།
གཞི་བཀོད་དེ་གི་འོག་ལུ་ གཙུག་ལག་གཞི་རིམ་ཡོད་པའི་ ཁག་འབག་སློབ་དཔོན་ཚུ་ གནམ་དགུན་གྱི་ ངལ་གསོའི་སྐབས་ བསམ་རྩེ་ལུ་སྦེ་ ཟླཝ་༢ ཀྱི་སྦྱོང་བརྡར་ཚུ་འབད་དགོཔ་ད་ ལོ་༢ ཀྱི་ནང་འཁོད་ལུ་ གཙུག་ལག་ཁྱད་རྩལ་ཤེས་ཚད་འཐོབ་ནི་ལུ་ ཁག་འབག་སློབ་དཔོན་ཚུ་གིས་ སྦྱོང་ཚད་༤ མཇུག་བསྡུ་དགོ་པའི་ཁར་ གནམ་བྱཱའི་ངལ་གསོ་སྐབས་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་ཚུ་ མཇུག་བསྡུ་དགོཔ་ཨིན་པས།
སློབ་སྟོན་ཞབས་ཏོག་གཞི་བཀོད་གསརཔ་ ཆ་ཤས་ཅིག་སྦེ་ ཤེས་རིག་ལྷན་ཁག་གིས་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་ཚུ་གི་དོན་ལུ་ ཞི་གཡོག་ཆོས་རྒྱུགས་ཀྱི་ཚབ་སྦེ་ སློབ་དཔོན་ཁྱད་ཡོན་ཚད་གཞི་ཅིག་ བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ཨིན་རུང་ ཞི་གཡོག་ལྷན་ཚོགས་ལུ་ རང་སོའི་དབང་ཆ་ཡོད་མི་ལུ་བརྟེན་ འཆར་གཞི་དེ་ཚུ་ ག་དེ་སྦེ་ མཐར་འཁྱོལ་འབྱུང་འོང་ག་ སླབ་མི་ཤེས་ནི་ཨིནམ་ད་ ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ཕན་ནུས་ཅན་བཟོ་ནི་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ལས་ འཆར་གཞི་ཚུ་ འགྲུབ་ནི་ལུ་ ལཱ་ཁག་གཏང་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ཁས་བླངས་འགྲུབ་ནི་ལུ་གདོང་ལེན།
བཀོད་ཁྱབ་ཀྱི་ དབང་ཚད་ཡོད་རུང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ རང་དབང་ཅན་གྱི་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་འབདཝ་ལས་ ཁས་བླངས་འགྲུབ་ཐབས་ལུ་ གདོང་ལེན་འབྱུང་ནི་ཨིན་པས།
ཁག་འབག་ལས་གཡོགཔ་དང་ ཡང་ཅིན་ ཞི་གཡོག་པའི་གྱངས་ཁ་ཡར་སེང་འབད་ནི་ལུ་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་དགོཔ་ད་ གལ་སྲིད་ གཞུང་གིས་ ཁོང་རའི་ཁས་བླངས་ འགྲུབ་ནིའི་དོན་ལུ་ ཞི་གཡོག་གི་ བཅའ་ཁྲིམས་འཕྲི་སྣོན་འབད་བ་ཅིན་ མིག་དཔེ་ངན་པ་ བཙུགས་ནི་ཨིན་པའི་ཁར་ སྲིད་དང་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ འབྱུང་ནི་གི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ གཞུང་གིས་ ལྷན་ཚོགས་ཀྱི་དབང་ཆ་ལུ་ བརྩི་བཀུར་དང་གུས་ཞབས་ཡོདཔ་ལས་ བཅའ་ཁྲིམས་དེ་ འཕྲི་སྣོན་མི་འབད་ཟེར་ཨིན་པས།
འདྲུད་འཐེན་ཐད་ཁར་ གསརཔ་ཅིག་མེནམ་ཨིན་པས།
དེ་བཟུམ་སྦེ་ གཞུང་གསུམ་པ་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ མཉམ་སྡེབ་ཁག་འབགཔ་ཚུ་ གཏན་འཇགས་ཞི་གཡོགཔ་བཟོ་ནིའི་ དཔའ་བཅམ་ཡོད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བཀག་ཆ་འབད་མི་ལུ་བརྟེན་ བཙག་འཐུའི་སྐབས་ སྐུལ་བསྒྲགས་འབད་མི་དེ་ གྲུབ་མ་ཚུགས་པར་ ལོ་༥ འི་ གནས་ཡུན་དེ་ ཚང་ཡོདཔ་ཨིན་པས།
ཁག་འབག་ཐོག་གི་ ལས་གཡོགཔ་ཚུ་ གཏན་འཇགས་བཟོ་ནིའི་ ཁས་བླངས་དེ་ ཡང་བསྐྱར་དུ་ ཐོན་དོ་ཡོདཔ་ལས་ སྲིད་དོན་གྱི་ འགན་འཁྲི་གི་སྐོར་ལས་ དྲི་དཔྱད་འབད་མི་ཡང་ ཐོན་དོ་ཡོདཔ་ཨིན་པས།
མང་ཤོས་ཅིག་གིས་ བཤད་མིའི་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྐུལ་བསྒྲགས་ཀྱི་ ཁས་བླངས་ཚུ་ ཆ་འཇོག་མ་འབད་བའི་ཧེ་མར་ འོས་འབབ་ཡོད་མེད་ བརྟག་ཞིབ་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ ཁས་བླངས་གྲུབ་མ་ཚུགས་མི་གིས་ མི་མང་གི་ བློ་གཏད་མེདཔ་བཏང་པའི་ཁར་ སྲིད་དོན་ཚོགས་པ་ཚུ་གི་ བློ་གཏད་ཡང་ ཉམས་འགྱོཝ་མས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement