༉ རང་སོའི་ དབང་ཚད་ཚད་དང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཚུ་ལུ་ བརྩི་བཀུར་འབད་དགོ་མི་ལུ་བརྟེན་ གཞུང་གིས་ ཁས་བླངས་ལ་ལོ་ཅིག་འགྲུབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ལ་ལོ་ཅིག་གིས་ སྤྱི་ཚོགས་ཀྱི་དབང་ཚད་ ལག་ལེན་འཐབ་སྟེ་ ཁས་བླངས་ཚུ་འགྲུབ་ནི་ལུ་ ཐབས་ལམ་བཏོན་དགོ་པའི་ ཞུ་བ་འབདཝ་ཨིན་པས།
སྤྱི་ཚོགས་ཀྱི་རང་དབང་དེ་ སྤྱི་ཚོགས་ཀྱི་དབང་ཚད་དང་ ཡང་ཅིན་ ཁྲིམས་བཟོའི་དབང་ཆ་ལུ་ཡང་ སླབ་དོ་ཡོདཔ་ལས་ ཁྲིམས་བཟོའི་གཙུག་སྡེ་ནང་ རང་དབང་ཡོད་པའི་ཁར་ སྤྱིར་བཏང་བཀོད་ཁྱབ་དང་ ཁྲིམས་དང་འབྲེལ་བའི་གཙུག་སྡེ་ཚུ་བརྩིས་ཏེ་ གཞུང་གི་གཙུག་སྡེ་གཞན་ཚུ་གི་ མངོན་མཐོ་ཅིག་ གཙུག་སྡེ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཁྲིམས་བཟོ་དང་ ཡང་ཅིན་ སྤྱི་ཚོགས་ལུ་ ཧེ་མའི་ཁྲིམས་ལུགས་ཚུ་ བསྒྱུར་བཅོས་དང་ ཡང་ཅིན་ ཆ་མེད་གཏང་ནི་གི་ དབང་ཚད་ཡོདཔ་ལས་ གཞུང་གིས་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནིའི་དོན་ལུ་ དཔྱད་ཡིག་སྦེ་ སྤྱི་ཚོགས་ལུ་བཙུགས་ཞིནམ་ལས་ གལ་སྲིད་ མང་མོས་ཀྱིས་ རྒྱབ་སྐྱོར་འབད་བ་ཅིན་ བསྒྱུར་བཅོས་འབད་ཚུགས་ནི་ཨིན་པས།
བསམ་འཆར་ཚུ་ཡང་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ རྒྱལ་ཡོངས་ཚོགས་སྡེའི་སྐབས་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་ལས་ གཞུང་གི་ཁས་བླངས་ ཁག་འབགཔ་གི་ ཞི་གཡོགཔ་ཚུ་ གཏན་འཇགས་བཟོ་མ་ཚུགས་པའི་ གསུང་གྲོས་གནང་པའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ལས་རིམ་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་མིའི་ནང་ ཁག་འབག་ནང་ཡོད་པའི་ ཞི་གཡོགཔ་ཚུ་ག་ར་ གཏན་འཇགས་བཟོ་ནིའི་རེ་བ་ཡོད་རུང་ ཞི་གཡོག་ལྷན་ཚོགས་ལུ་ དབང་ཚད་ཧྲིལ་བུམ་མེདཔ་ལས་ ག་ནི་ཡང་ འབད་ཐབས་མ་མཐོང་ཟེར་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་མི་དེ་ཡང་ ད་རེས་ བཙག་འཐུ་ལས་གྲུབ་པའི་ གཞུང་འགོ་དང་མེནམ་ཨིན་པས།
འདས་པའི་གཞུང་ འབྲུག་མཉམ་རུབ་ཚོགས་པ་གིས་ཡང་ ཤེས་རིག་ལྷན་ཁག་གི་འོག་ལུ་ཡོད་པའི་ ཁག་འབག་ཞི་གཡོགཔ་ཚུ་ གཏན་འཇགས་བཟོ་ནིའི་ ཁས་བླངས་འབད་མི་དེ་ཡང་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱིས་ གྲོས་ཆོད་དང་ལེན་དང་ ཞི་གཡོགཔ་ཚུ་ནང་ གྲོས་བསྟུན་མང་རབས་ཅིག་འབད་ཡོད་རུང་ ཞི་གཡོག་ལྷོན་ཚོགས་དེ་ རང་དབང་ཅན་གྱི་གཙུག་སྡེ་དང་ བཅའ་ཡིག་ཡོད་མི་ལུ་བརྟེན་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ཁར་ བཙག་འཐུ་ལས་གྲུབ་པའི་གཞུང་གིས་ གཙུག་སྡེ་ལུ་ གུས་ཞབས་དང་ བརྩི་བཀུར་འབད་དགོཔ་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་གི་ པདྨ་དགའ་ཚལ་གྱི་འཐུས་མི་ འཇམ་དབྱངས་རྣམ་རྒྱལ་གྱིས་ ཁག་འབག་གི་ཞི་གཡོགཔ་ཚུ་ གཏན་འཇགས་བཟོ་ནིའི་ནང་ གདོང་ལེན་ཡོད་མི་ལུ་ ངོས་ལེན་འབད་ཡོད་རུང་ མཉམ་འབྲེལ་ཐོག་ལས་ གནད་དོན་དེ་ སེལ་ཐབས་འབད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞི་གཡོགཔ་ཚུ་ གཏན་འཇགས་བཟོ་བ་ཅིན་ གཞུང་ལུ་མེན་པར་ མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིནམ་ད་ གལ་སྲིད་ བཅའ་ཁྲིམས་ལུ་བརྟེན་ མི་མང་ལུ་ ཞབས་ཏོག་བྱིན་ནི་ལུ་ སྟབས་མ་བདེཝ་འབྱུང་པ་ཅིན་ སྤྱི་ཚོགས་ལུ་ འཕྲི་སྣོན་འབད་ནིའི་ འགན་ཁུར་ཡོད་ཟེར་ཨིན་པས།
གཞུང་གིས་ སྤྱི་ཚོགས་ཀྱི་ ཁས་དབང་ལག་ལེན་འཐབ་དགོཔ་ད་ གལ་སྲིད་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་བ་ཅིན་ མི་མང་ལུ་ ཁེ་ཕན་སྦོམ་ཡོདཔ་ད་ མ་གཞི་ གནད་དོན་དེ་ རྩ་ཁྲིམས་ཆེན་མའི་ནང་ ཡིག་ཐོག་ལུ་ བྲིས་ཏེ་མེད་རུང་ སྤྱི་ཚོགས་ལུ་ ཐག་གཅད་ནིའི་ དབང་ཚད་ལེན་པ་ཅིན་ ཁེ་ཕན་སྦོམ་ཡོད་ཟེར་ འཇམ་དབྱངས་རྣམ་རྒྱལ་གྱིས་ ཞུ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ གཞུང་དེ་ མང་མོས་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ལས་ བློན་ཆེན་གྱིས་ སྤྱི་ཚོགས་ནང་ བཅའ་ཁྲིམས་འཕྲི་སྣོན་འབད་ཚུགས་དགོཔ་ད་ གལ་སྲིད་ བཅའ་ཁྲིམས་ལུ་བརྟེན་ མི་མང་གི་ ཞབས་ཏོག་བྱིན་ནི་ལུ་ ཐོ་ཕོག་པ་ཅིན་ གཞུང་གིས་ ཞི་གཡོག་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནིའི་དོན་ལུ་ ཚོགས་ཁང་ནང་ བཙུགས་དགོ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བསམ་འཆར་བཀོད་མི་ལུ་ བློན་ཆེན་གྱིས་ ཞུ་མིའི་ནང་ གལ་སྲིད་ སྤྱི་ཚོགས་ཀྱིས་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནི་གི་ དགོས་མཁོ་ཡོད་པ་ཅིན་ དབང་ཚད་ལེན་ཏེ་འབད་ནི་ཨིན་རུང་ མནོ་བསམ་རྒྱ་ཆེཝ་སྦེ་ གཏང་དགོཔ་གལ་ཆེ་ཟེར་ཨིན་པས།
ཕྱོགས་གཅིག་ལས་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་ལུ་ དབང་ཆ་དང་ རང་དབང་བྱིན་ཏེ་ཡོདཔ་ལས་ གལ་སྲིད་ གཞུང་གིས་ ཁེ་ཕན་ལུ་ལྟ་སྟེ་ འཕྲི་སྣོན་འབད་ནིའི་ གདམ་ཁ་རྐྱབ་པ་ཅིན་ བློ་མཐུན་མེདཔ་འགྱོ་ནི་མས་ཟེར་ཨིན་པས།
བློན་ཆེན་གྱིས་ བཅའ་ཁྲིམས་བསྐྱར་ཞིབ་འབད་བའི་སྐབས་ མི་མང་ལུ་ ཁེ་ཕན་ཡོད་རུང་ ཐག་མ་གཅད་པའི་ཧེ་མར་ ལེགས་ཤོམ་སྦེ་ བལྟ་དགོཔ་ཁག་ཆེ་ཟེར་ བཤད་ཡོདཔ་ཨིན་པས།
བཅའ་ཁྲིམས་ཚུ་ སྤྱི་ཚོགས་ཀྱིས་ འཕྲི་སྣོན་འབད་དོ་ཡོདཔ་ད་ གལ་སྲིད་ བཅའ་ཁྲིམས་ཀྱིས་ མི་མང་ལུ་ ཁེ་ཕན་འབྱུང་མ་ཚུགས་པ་ཅིན་ འཕྲི་སྣོན་འབད་ནིའི་ འགན་ཁུར་ལེན་དགོ་ཟེར་ བློན་ཆེན་གྱིས་ བཤད་ཡོདཔ་ཨིན་པས།
ཨིན་རུང་ འཐུས་མི་ཚུ་ལུ་ དེ་བཟུམ་མའི་ གྲོས་ཆོད་བཏོན་པའི་སྐབས་ ད་ལྟོ་དང་ མ་འོངས་ཚུ་ བལྟ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་བཞིན་དུ་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་དང་ ཡང་ཅིན་ རང་དབང་ཅན་གྱི་ ལས་སྡེ་ཚུ་གིས་ རང་དོན་ལུ་མེན་པར་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ཕྱག་ཞུ་དོ་ཟེར་ བློན་ཆེན་གྱིས་ བཤདཔ་ཨིན་པས།
ཀུན་གསལ་ལུ་ སྤྱི་ཚོགས་ཀྱི་འཐུས་མི་ བགྲེསཔ་ཚུ་གིས་ སླབ་མིའི་ནང་ སྤྱི་ཚོགས་ཀྱི་ དབང་ཚད་ལག་ལེན་འཐབ་པའི་སྐབས་ གཞུང་གི་ ཁས་བླངས་འགྲུབ་ནི་ལུ་ ཕན་ཐོགས་ནི་ཨིན་རུང་ དེ་བཟུམ་མའི་ ལམ་ལུགས་དེ་ མིག་དཔེ་ངན་པ་ཅིག་སྦེ་ བཟོ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
རྩ་ཁྲིམས་ཆེན་གྱི་གཙུག་སྡེ་ཚུ་ སྲིད་དོན་གྱི་དབང་ལུ་ཐལ་བ་ཅིན་ མ་འོངས་དམངས་གཙོ་རིང་ལུགས་ལུ་ འབྱེམ་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།