༉ གཏའམ་བཙུགས་མ་དགོ་པའི་ཁར་ སྐྱེད་ཉུང་སུ་སྦེ་ སྐྱིན་འགྲུལ་འཐོབ་ནི་དང་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་ཐོན་མི་ཚུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ གཞུང་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལས་ དངུལ་ཁང་ཚུ་ལུ་ དངུལ་ཀྲམ་ཐེར་འབུམ་༥.༣ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལུ་ སྐྱེད་ཉུང་སྐྱིན་འགྲུལ་གྱི་ གོ་རིམ་དང་པ་ འགོ་འབྱེད་འབདཝ་ད་ དཔལ་འབྱོར་ལྷན་ཐབས་དྲུང་ཆེན་ཡིག་ཚང་གིས་ གསལ་བསྒྲགས་འབད་ནུག།
ལས་རིམ་སྐབས་ དངུལ་རྩིས་བློན་པོ་དང་ དཔལ་འབྱོར་ལྷན་ལས་རིམ་གྱི་ ཚོགས་ཆུང་ཁྲི་འཛིན་ ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ གོ་རིམ་དང་པའི་ནང་ སྐྱེད་ཕབ་ཆག་དང་ གོ་རིམ་༢ པའི་ནང་ གཞུང་དང་ ཡང་ཅིན་ ལས་འཛིན་ཚུ་གིས་ ལག་ལེན་འཐབ་ནིའི་དོན་ལས་ སྤྱིར་བཏང་གཞི་རྟེན་དང་ ཚོང་འབྲེལ་གྱི་གནས་སྟངས་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
གོ་རིམ་༢ པ་ ཁ་སྐོང་ལས་སྡེ་དང་ གཙོ་རིམ་ཅན་གྱི་ས་གོ་ནང་ཚུད་མི་ ལས་རིམ་ཚུ་ཡང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོདཔ་ཨིན་པས།
སྐྱེད་ཉུང་སྐྱིན་འགྲུལ་དང་ ཚོང་འབྲེལ་བ་ཚུ་ལུ་ རྒྱབ་སྐྱོར་གྱི་འོག་ལུ་ མ་དངུལ་འཐོབ་ནིའི་ ལམ་ལུགས་༢ ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ སྐྱེད་ཕབ་ཆག་གི་ སྐྱིན་འགྲུལ་ཚུ་ཡང་ སོ་ནམ་དང་སྒོ་ནོར་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ དེ་ལས་ ཐོན་སྐྱེད་དང་ བཟོ་སྐྲུན་གྱི་ བཟོ་གྲྭ་ཁང་བར་མ་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།
ལས་རིམ་གཞན་མི་དེ་ སྐྱེད་ཉུང་སྐྱིན་འགྲུལ་ལེན་ཏེ་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ འོས་འབབ་དང་ གོ་སྐབས་ཡོད་མི་ཚུ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ནི་ཨིན་པས།
སྐྱིན་འགྲུལ་གྱི་སྐྱེད་དེ་ཡང་ བརྒྱ་ཆ་༤ འོག་རྒྱུ་དང་ གཏའ་མ་ཚུ་ཡང་ ག་ནི་ཡང་ བཙུགས་མ་དགོ་རུང་ ལས་འགུལ་གྱི་ རྒྱུ་དངོས་ཚུ་གིས་ རྒྱབ་རྟེན་འབད་དགོཔ་ཨིན་པས།
ཚོང་འབྲེལ་གྱི་ རྒྱབ་སྐྱོར་མ་དངུལ་འོག་ལུ་ སྐྱིན་འགྲུལ་བྱིན་ནི་གི་ ཐབས་ལམ་༢ ཡོད་མི་ཚུ་ཡང་ སྐྱེད་ཕབ་ཆག་བྱིན་ནི་ཨིནམ་ད་ དེ་ནང་ ལོ་༣ གྱི་རིང་ ཚོང་འབྲེལ་པ་ཚུ་གིས་ སྐྱིན་ཚབ་བཏབ་མ་ཚར་མི་ལུ་ སྐྱེད་བརྒྱ་ཆ་༤ གཞུང་གིས་ བཏབ་ནི་ཨིན་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ བསྐྱིན་འགྲུལ་བརྒྱ་ཆ་༤ སྦེ་ འཐོབ་ཚུགས་ནི་ཨིན་པས།
དཔེར་ན་ དངུལ་ཁང་ཚུ་གི་ སྐྱིན་འགྲུལ་གྱི་སྐྱེད་དེ་ བརྒྱ་ཆ་༡༠ ཨིན་པ་ཅིན་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱེད་བརྒྱ་ཆ་༦ ལས་བརྒལ་ བཏབ་མ་དགོ་མི་དེ་ཡང་ བརྒྱ་ཆ་༤ དཔལ་འབྱོར་ལྷན་ཐབས་མ་དངུལ་ལམ་ལུགས་ལས་ ཕབ་ཆག་བྱིན་ནི་ཨིན་པས།
ཨིན་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱེད་ཕབ་ཆག་དང་ ཡང་ཅིན་ ཁ་སྐོང་སྐྱིན་འགྲུལ་༢ ལས་༡ འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ སྐྱེད་ཕབ་ཆག་གི་ ལམ་ལུགས་དེ་གིས་ ཚོང་འབྲེལ་གྱི་ གོ་སྐབས་གསརཔ་དང་ ད་ལྟོའི་ཡོད་པའི་ ཚོང་འབྲེལ་ཡར་དྲག་ དེ་ལས་ དཔལ་འབྱོར་ལྷན་ཐབས་མ་དངུལ་ལུ་ ལྷན་ཐབས་དང་ དཔལ་འབྱོར་གོང་འཕེལ་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཚོང་འབྲེལ་ལྷན་ཐབས་མ་དངུལ་ཐད་ལུ་ བློན་པོ་གིས་ བཀོད་མིའི་ནང་ ཚོང་འབྲེལ་བསྐྱར་གསོ་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་གི་ འོས་འབབ་མི་ཚུ་ལུ་ སྐྱེད་ཉུང་སྐྱིན་འགྲུལ་བྱིན་འོང་ཟེར་ཨིན་པས།
ཚོང་འབྲེལ་པ་ཚུ་གིས་ ལམ་ལུགས་དེ་གི་ཁེ་ཕན་དང་ ལས་སྣ་ཚུ་ བདག་དབང་ལེན་ཏེ་ འབད་ནི་གི་ རེ་བ་བསྐྱེད་དེ་ཡོད་ཟེར་ ལས་སྐྱིད་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཨིན་རུང་ བློན་པོ་གིས་ རྒྱབ་སྐྱོར་ཀྱི་ཐབས་ལམ་ཚུ་ ལོག་སྤྱོད་འབད་ནི་གི་ ཚ་གྱང་ཡོད་ལུགས་ཚུ་ཡང་ བཤད་ཡོདཔ་ད་ གནས་སྟངས་བརྟག་ཞིབ་འབད་བའི་སྐབས་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ བདག་དབང་ཧྲིལ་བུམ་ལེན་དགོ་ཟེར་ བློན་པོ་གིས་ ཞུ་བ་འབདཝ་ཨིན་པས།
ལས་རིམ་དེ་ མཐར་འཁྱོལ་ཅན་བཟོ་དགོཔ་ད་ རྒེད་འོག་དང་ རྫོང་ཁག་ཚུ་ནང་ ནང་འདྲེན་དང་ ཚོང་འབྲེལ་ ཡང་ཅིན་ རང་སྤྱོད་ཀྱི་མེན་པར་ ཐོན་སྐྱེད་དང་ བཟོ་སྐྲུན་འབད་ནི་ལུ་ མ་དངུལ་དགོས་མཁོ་བྱུང་མི་ཚུ་ལུ་ མ་དངུལ་འཐོབ་ཚུགསཔ་བཟོ་ནིའི་དོན་ལས་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་ རྒྱ་སྐྱེད་འགོ་དཔོན་ཚུ་ལུ་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་འབད་འོང་ཟེར་ཨིན་པས།

མ་དངུལ་བགོ་བཀྲམ།
སྐྱིན་འགྲུལ་ཕབ་ཆག་གི་འོག་ལུ་ སོ་ནམ་དང་སྒོ་ནོར་ལས་སྡེའི་ནང་ གཞུང་གིས་ དངུལ་ཀྲམ་ས་ཡ་༥༠༠ བགོ་བཀྲམ་འབད་དེ་ཡོདཔ་ད་ འོས་འབབ་ཅན་ཚུ་གིས་ སྐྱེད་བརྒྱ་ཆ་༤ གི་ཐོག་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡ རེ་ འཐོབ་ཚུགས་ནི་དང་ སྐྱེད་ཕབ་ཆག་གི་དུས་ཡུན་དེ་ཡང་ རང་སོའི་དངུལ་ཁང་ཚུ་གིས་ ཐག་གཅད་ནི་ཨིན་པས།
ལས་སྡེའི་ནང་ ལོ་ཐོག་འཛུགས་སྐྱོང་དང་ ཉ་གསོ་སྐྱོང་ བྱ་དང་ཕགཔ་གསོ་སྐྱོང་ ནོར་དང་སེམས་ཅན་གཞན་གསོ་ནི་ སོ་ནམ་འཕྲུལ་ཆས་ དེ་ལས་ སོ་ནམ་གཞི་རྟེན་དང་རྒྱབ་སྐྱོར་ ཨོམ་གི་ཐོན་སྐྱེད་ཚུ་ ཚུདཔ་ཨིན་པས།
ཐོན་སྐྱེད་དང་ བཟོ་སྐྲུན་འོག་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་དོན་ལུ་ ཞབས་ཏོག་ལས་སྡེ་མ་གཏོགས་ བཟོ་སྐྲུན་དང་ བཟོ་བཅོས་མ་འབད་བར་ རང་བཞིན་དང་ གཙོ་རིམ་སོ་ནམ་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༥༠༠ བགོ་བཀྲམ་འབད་ནུག།
གཞུང་གིས་ ཚོང་འབྲེལ་གཞི་བཙུགས་ གོང་འཕེལ་གཏང་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་༣༠༠ དང་ གློག་བརྙན་ཐོན་སྐྱེད་ཡར་དྲག་གཏང་ནི་ལུ་ དངུལ་ཀྲམ་ས་ཡ་༢༠༠ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལས་སྡེ་ཚུ་གིས་ སྐྱིན་འགྲུལ་ཚུ་ཡང་ དངུལ་ཀྲམ་ས་ཡ་༡༠ ཚུན་ འཐོབ་ཚུགས་ནི་དང་ སྐྱིན་འགྲུལ་གྱི་ དུས་ཡུན་དེ་ རང་སོའི་དངུལ་ཁང་ཚུ་གིས་ ཐག་གཅད་ནི་ཨིན་པས།
ཐོན་སྐྱེད་དང་བཟོ་སྐྲུན་ལས་སྡེ་ནང་ ཞབས་ཏོག་ལས་སྡེ་མ་གཏོགས་ སོ་ནམ་ཐོན་སྐྱེད་དང་ རང་བཞིན་ཐོན་སྐྱེད་ཀྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༨ བགོ་བཀྲམ་འབད་ཡོདཔ་ད་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡༠ ལས་ དངུལ་ཀྲམ་ས་ཡ་༡༠༠ ཚུན་ འཐོབ་ཚུགས་ནི་ཨིན་པས།
དེ་མ་ཚད་ གཞུང་གིས་ ཚོང་འབྲེལ་ཡར་དྲག་མ་དངུལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢ བགོ་བཀྲམ་འབད་ཡོདཔ་ད་ ལམ་ལུགས་དེ་གི་འོག་ལུ་ ཚོང་འབྲེལ་གྱི་ དཀའ་ངལ་ཡོད་མི་དང་ བསྐྱར་གསོ་འབད་ནི་ འོས་འབབ་ཡོད་མི་ཚུ་གིས་ སྐྱིན་འགྲུལ་འཐོབ་ཚུགས་ནི་ཨིན་པས།
ཨིན་རུང་ ཁྱིམ་བཟོ་དང་ རང་ཉིད་སྐྱེལ་འདྲེན་ ཚོང་འབྲེལ་(ནང་འདྲེན་དང་འབྲེལ་བའི་ཚོང་འབྲེལ) རང་སོའི་སྐྱིན་འགྲུལ་(དངུལ་བྱང་དང་ ཤེས་རིག་ དུས་ཡུན་འབྲེལ་བའི་གཙུགས་བཞག་ བགོ་བཤའ་) ལས་བྱེད་མཐུན་རྐྱེན་ དེ་ལས་ ཟ་ཁང་དང་ ལྟ་བཤལ་ལས་སྡེ་ཚུ་གིས་ མ་དངུལ་འཐོབ་ནིའི་ འོས་འབབ་མེདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་མ་དངུལ་འོག་ལུ་ སྐྱིན་འགྲུལ་ལེན་མི་ཚུ་གིས་ ལས་འགུལ་གྱི་ གནས་གོང་དང་འཁྲིལ་ཏེ་ སྐྱིན་འགྲུལ་བརྒྱ་ཆ་༩༠ འཐོབ་ཚུགས་ནི་ཨིན་པས།

ཡི་གུ་བཙུགས་ནི་གི་བྱ་རིམ།
སྐྱིན་འགྲུལ་ལེན་མི་ཚུ་གིས་ བཅའ་མར་གཏོགས་མི་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་གྱི་ ཡི་གུ་བཙུགས་དགོཔ་ཨིན་པས།
སྐྱེད་ཉུང་སྐྱིན་འགྲུལ་དང་ ཚོང་འབྲེལ་ལྷན་ཐབས་མ་དངུལ་ཚུ་ ཚོང་འབྲེལ་གྱི་དངུལ་ཁང་ འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ འབྲུག་གོང་འཕེལ་དངུལ་ཁང་ འབྲུག་པི་ཨེན་བི་དངུལ་ཁང་ དེ་ལས་ བཀྲིས་བརྩིས་ཏེ་ དངུལ་ཁང་༥ དང་ དངུལ་ཁང་མིན་པའི་ལས་སྡེ་ འབྲུག་རྒྱལ་ཉེན་སྲུང་ཚད་དང་ འབྲུག་ཉེན་བཅོལ་ཚད་འཛིན་ དེ་ལས་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་དངུལ་ཁང་ཚུ་ལས་ཡང་ འཐོབ་ཚུགས་ནི་ཨིན་པས།
དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་གྱི་ ཚད་གཞི་དང་ ཡི་གུའི་བྱ་རིམ་ཚུ་གི་སྐོར་ལས་ གསལ་བསྒྲགས་འབད་ནི་ཨིནམ་ད་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་གྱི་ཡི་གུ་ཚུ་ དཔལ་འབྱོར་ལྷན་ཐབས་མ་དངུལ་འོག་གི་ ཚད་གཞི་དང་འཁྲིལ་ཏེ་ དབྱེ་ཞིབ་འབད་ནི་ཨིན་པས།
སྐྱེད་ཉུང་སུ་དང་ ཚོང་འབྲེལ་རྒྱབ་སྐྱོར་གྱི་ སྐྱིན་འགྲུལ་དོན་ལུ་ ཡི་གུ་ཚུ་ཡང་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༣༡ ཚུན་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement