༉ རྒྱལ་ཁབ་ནང་ སྣུམ་འཁོར་ནང་འདྲེན་བཀག་ཆ་འབད་དེ་ ལོ་༢ ལང་པའི་ཤུལ་ལུ་ རྒྱ་ཁྱབ་དཔལ་འབྱོར་ཡར་དྲག་འགྱོ་བའི་ བརྡ་མཚོན་དང་བསྟུན་ གཞུང་གིས་ ནངས་པ་ལས་ འགོ་བཙུགས་ཏེ་ སྣུམ་འཁོར་ནང་འདྲེན་ ཡངས་ཆག་གཏང་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
སྣུམ་འཁོར་ནང་འདྲེན་གྱི་ གསལ་བསྒྲགས་དེ་ཡང་ ཁ་ཙ་ དངུལ་རྩིས་ལྷན་ཁག་གིས་ བཏང་ཡོདཔ་ཨིན་པས།
འདས་པའི་གཞུང་གིས་ སྤྱི་ལོ་༢༠༢༢ ཟླ་༨ པའི་ཚེས་༡༨ ལུ་ ཕྱི་དངུལ་གསོག་འཇོག་གི་ གནས་སྟངས་ལེགས་ཤོམ་མེད་མི་དང་ ཉེར་མཁོའི་ནང་འདྲེན་ འབད་དགོཔ་སྦེ་ རྩ་ཁྲིམས་ཆེན་མོའི་ནང་ འཁོད་དེ་ཡོད་མི་ལུ་བརྟེན་ སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་བཞག་ཡོདཔ་ཨིན་པས།
ཨིན་རུང་ སྐྱེལ་སྤྲོད་སྣུམ་འཁོར་ཚུ་ ནང་འདྲེན་འཐབ་བཞིན་དུ་ར་ སྔར་བཞིན་བཞག་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ སྣུམ་འཁོར་ནང་འདྲེན་དེ་ཡང་ ང་བཅས་རའི་ དཔལ་འབྱོར་གྱི་ གནས་སྟངས་ཆ་ཚང་སྦེ་ བསྐྱར་ཞིབ་འབད་བའི་སྐབས་ ཡར་དྲག་སོང་ཡོདཔ་སྦེ་ མངོན་གསལ་བྱུང་མི་ལུ་བརྟེན་ ཐག་བཅད་ཅི་ཟེར་ཨིན་པས།
སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་མི་ལུ་བརྟེན་ དཔལ་འབྱོར་གྱི་ གནས་སྟངས་ཡར་དྲག་སོང་ཡོདཔ་ད་ དཔལ་འབྱོར་ཡར་དྲག་ལུ་ མདུན་སྐྱོད་ལེགས་ཤོམ་དང་ ཡང་དག་ཅན་གྱི་ དངུལ་འབྲེལ་སྲིད་བྱུས་ཡོདཔ་ལས་ གཞུང་གིས་ སྣུམ་འཁོར་ནང་འདྲེན་ ཡངས་ཆག་གཏང་པ་ཅིན་ ལྷག་པར་དུ་ དཔལ་འབྱོར་གོང་འཕེལ་དང་ སྤྱིར་བཏང་མི་མང་གི་ ངེས་ཤེས་འདྲོངས་ཚུགས་པའི་ བློ་སྤོབས་ཐོབ་ཅི་ཟེར་ གསལ་བསྒྲགས་ནང་བཀོད་ནུག།
དེ་བཟུམ་སྦེ་ གཞུང་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དེ་ དམ་དམ་སྦེ་ར་ འཕྲོ་མཐུད་ལྟ་རྟོག་འབད་ནི་དང་ ལམ་ལུགས་ཡུན་བརྟན་དགོས་མཁོ་དང་འཁྲིལ་ཏེ་ བདེ་སྒྲིག་འབད་འོང་ཟེར་ཨིན་པས།
སྣུམ་འཁོར་ནང་འདྲེན་ ཡངས་ཆག་གཏང་མི་དང་འབྲེལ་ སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་འགྱོ་ནི་ཨིནམ་ལས་ གཞུང་གིས་ ཁྲོམ་དང་ ཁྲོམ་སྡེ་ཚུ་གི་མཐུན་རྐྱེན་ དམིགས་བསལ་དུ་ རྒྱུན་སྐྱོང་འཐབ་ནི་དེ་ གལ་ཅན་ཅིག་སྦེ་ གཙོ་རིམ་བཟུང་འོང་ཟེར་ གསལ་བསྒྲགས་ནང་ བཀོད་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་ འགྱོ་བའི་སྐབས་ ཁྲོམ་སྡེ་ཚུ་ནང་ སྣུམ་འཁོར་ཐོགས་ལུས་ནི་དང་ དུ་པ་ དེ་ལས་ གཞི་རྟེན་དང་འབྲེལ་བའི་ གདོང་ལེན་ཚུ་ འབྱུང་ནི་ཨིནམ་ལས་ གཞུང་གིས་ དམིགས་བསལ་དུ་ ཐིམ་ཕུག་ཁྲོམ་གྱི་དོན་ལུ་ སྣུམ་འཁོར་ཐོ་བཀོད་ལམ་ལུགས་ཅིག་ བཟོ་དགོ་པའི་བཀའ་རྒྱ་ གནང་ཡོད་ཟེར་ཨིན་པས།
ལམ་ལུགས་དེ་གིས་ རྒྱལ་ཁབ་ཀྱི་ ས་གོ་སོ་སོ་ཚུ་ནང་ ཐོ་བཀོད་བྱ་རིམ་ནང་ མངོན་གསལ་འབྱུང་ནི་ཨིནམ་ད་ དེ་ཡང་ ཁྲོམ་སྡེ་ནང་ སྣུམ་འཁོར་གྱི་ གྱངས་ཁ་ཚུ་ དོན་སྨིན་ཅན་ཅིག་སྦེ་ རྒྱུན་བཀོད་འབད་ཚུགས་ནི་ཨིན་པས།
གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ནང་འདྲེན་བཀག་ཆ་ འབད་བའི་ནམ་དུས་ལུ་ ཚོང་འབྲེལ་འཐབ་མི་དང་ སྤྱིར་བཏང་ མི་སེར་ཚུ་གིས་ མཉམ་འབྲེལ་གང་དྲགས་འབད་མི་ལུ་ གཞུང་གིས་ དགའ་ཚོར་བསྐྱེད་དེ་ཡོདཔ་ཨིན་པས།
ཡུན་བརྟན་ཁྲོམ་གྱི་ འཚོ་བ་སྐྱོང་ནི་དང་གཅིག་ཁར་ དཔལ་འབྱོར་ཡར་དྲག་འདྲ་མཉམ་གྱི་ ལག་ལེན་འཐབ་ཡོདཔ་ལས་ ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ མཉམ་འབྲེལ་དང་ རྒྱབ་སྐྱོར་བྱིན་ནི་ལུ་ མདུན་སྐྱོད་འབད་དེ་ཡོད་ཟེར་ གསལ་བསྒྲགས་ནང་ བཀོད་ཡོདཔ་ཨིན་པས།
གཞུང་གིས་ སྣུམ་འཁོར་ཐོ་བཀོད་ལམ་ལུགས་གསརཔ་གི་སྐོར་ལས་ མི་སེར་ཚུ་ལུ་ དུས་དང་དུས་སུ་ དུས་མཐུན་འབད་འོང་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ ནང་འཁོད་ལུ་ སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་མི་ལུ་བརྟེན་ འབྲུག་གིས་ ཕྱི་དངུལ་དངུལ་ཀྲམ་ཐེར་འབུམ་༥.༣ དེ་ཅིག་ གསོག་འཇོག་འབད་ཚུགས་ཏེ་ ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱི་ གནས་སྡུད་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༣༡ གི་ནང་འཁོད་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་ཡོངས་བསྡོམས་༡,༢༧,༣༡༦ ཡོད་མི་ལས་ མང་ཤོས་ར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།