༉ འཆར་གཞི་༡༢ པའི་ནང་ འདས་པའི་གཞུང་གིས་ ཕྱགས་སྙིགས་འཛིན་སྐྱོང་གི་ གཙོ་རིམ་ལས་འགུལ་ གཞི་བཙུགས་འབད་མི་དེ་ ད་ལྟོའི་གཞུང་ མི་སེར་དམངས་གཙོ་ཚོགས་པ་གིས་ བཤོལ་བཞག་ནི་སྟེ་ དཔལ་འབྱོར་ལུ་གཙོ་རིམ་བཟུང་ནི།
ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་ལས་རིམ་དེ་ འཆར་གཞི་༡༢ པ་ རྐྱངམ་གཅིག་གི་དོན་ལུ་ བཟོ་ཡི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ ལས་རིམ་དེ་ སྤྱི་ལོ་༢༠༡༩ ཟླ་༦ པའི་ཚེས་༢ ལུ་ འགོ་འབྱེད་འབད་ཡོདཔ་ད་ དེ་བསྒང་ ལས་སྡེ་ཁག་སོ་སོར་ལས་ འཐུས་མི་༩ སྦེ་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ དོགས་སེལ་འབད་མིའི་ནང་ ཕྱགས་སྙིགས་གཙོ་རིམ་ལས་འགུལ་དེ་ འཕྲོ་མཐུད་འབད་མ་ཚུགས་མི་དེ་ཡང་ གཞུང་གིས་ ད་ལྟོའི་ལས་རིམ་ནང་ ཕྱགས་སྙིགས་ལས་སྣ་ཡོད་མི་ཚུ་ བཤོལ་བཞག་ནིའི་དོན་ལུ་ མེན་ཟེར་ཨིན་པས།
ལས་རིམ་གྱ་ཚབ་སྦེ་ གཞུང་གིས་ འཆར་གཞི་་༡༣ པའི་ནང་ ཕྱགས་སྙིགས་བཀོག་སར་འབག་ནི་ལས་ མར་ཕབ་དང་ ཕྱགས་སྙིགས་སླར་བཟོ་འབད་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
དེ་ཡང་ གཞུང་གི་ དཔལ་འབྱོར་ཡོངས་རྫོགས་དང་ ཕྱགས་སྙིགས་གཅིག་སྒྲིལ་གོང་འཕེལ་གཏང་ནིའི་ འཆར་གཞི་དང་ རིམ་སྒྲིག་འབད་དེ་ཨིནམ་ད་ དེ་ནང་ ཕྱགས་སྙིགས་སླར་བཟོའི་ཅ་ཆས་ཀྱི་དོན་ལུ་ སྒེར་སྡེ་གྲལ་གཏོགས་འབྲེལ་འཛིན་དང་ སླར་བཟོ་ཚོང་འབྲེལ་ཡར་དྲག་ ནུས་ཤུགས་ལས་འགུལ་ནང་ ཕྱགས་སྙིགས་འཛིན་སྐྱོང་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་གཙོ་རིམ་ལས་འགུལ་དེ་ཡང་ ཕྱི་སེལ་ཐབས་ལམ་དང་ ཕྱགས་སྙིགས་བསྡུ་ལེན་མཐུན་རྐྱེན་དང་ སྟབས་བདེ་བའི་ས་ཁོངས་ཚུ་ ཕྱགས་སྙིགས་བཀོག་ས་ལྟེ་བ་ཚུ་གཞི་བཙུགས་ དེ་ལས་ ཕྱགས་སྙིགས་བསྡུ་ལེན་ཚུ་ དུས་ཚོད་ཁར་འགྱོ་ནི་ ཐབས་ལམ་ལ་སོགས་པ་ཐོག་ལས་ ཕྱགས་སྙིགས་བཀོག་སར་ ཕྱགས་སྙིགས་བརྒྱ་ཆ་༨༠ ལས་༢༠ ལུ་ མར་ཕབ་འབད་དེ་ འབྲུག་འདི་ ཕྱགས་སྙིགས་མེདཔ་སྦེ་ བཟོ་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ནུག།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ གཙོ་རིམ་ལས་འགུལ་གྱི་ དམིགས་གཏད་ཅན་གྱི་ ལས་སྣ་བརྒྱ་ཆ་༩༠ དེ་ཅིག་ གྲུབ་ཡོདཔ་ད་ ལས་འགུལ་གྱི་ མཐར་འཁྱོལ་ཅན་གྱི་གྲུབ་འབྲས་ཚུ་ཡང་ ཕྱགས་སྙིགས་བསྡུ་ལེན་མཐུན་རྐྱེན་ལྟེ་བ་རྐྱབ་ནི་དང་ མོང་སྒར་དང་ ཐིམ་ཕུག་ལུ་ ཕྱགས་སྙིགས་མེ་གཏང་ནི་འཕྲུལ་ཆས་ ཨིན་སི་ནེ་རེ་ཊར་གཞི་བཙུགས་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་རིམ་ལུགས་དང་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་གི་བཀོད་ཐོ་ཚུ་ཨིན་པས།
ལས་འགུལ་གྱི་ དངོས་སུ་མཐོང་བའི་གྲུབ་འབྲས་གཞན་ཚུ་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་བརྡ་དོན་ལམ་ལུགས་དང་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་ཐབས་བྱུས་༢༠༡༩ ཕྱགས་སྙིགས་བསྡུ་ལེན་གྱི་དུས་ཚོད་ དེ་ལས་ ཕྱགས་སྙིགས་ག་ལྷོད་སར་བཀོག་མི་ཚུ་ ཕྱགས་སྙིགས་དང་འབྲེལ་བའི་ ཉེས་བྱ་ཡར་སེང་ཚུ་ཨིན་པས།
གཞུང་གི་ ཕྱགས་སྙིགས་འཛིན་སྐྱོང་རིམ་ལུགས་དེ་ ཕྱགས་སྙིགས་ག་ལྷོད་སར་བཀོག་མི་ཚུ་ བདའ་ཟུན་དོ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ ཕྱགས་སྙིགས་ག་ལྷོད་སར་བཀོག་མི་༤༣༦ ཐོ་བཀོད་དང་ ཕྱགས་དང་འབྲེལ་བའི་གནད་དོན་༣༦༩ སྙན་ཞུ་འབད་དེ་ ཡོདཔ་ཨིན་པས།
མི་མང་གི་ ས་གོ་ཚུ་ནང་ ཕྱགས་སྙིགས་ཕྱི་སེལ་འབད་ནིའི་དོན་ལས་ ཁྲོམ་སྡེའི་ཕྱགས་སྙིགས་བཀོག་སའི་ཧོད་༣༠༠ མཁོ་སྒྲུབ་འབད་ཡོད་པའི་ཁར་ ཐིམ་ཕུག་ལུ་ ཕྱགས་སྙིགས་བཀོག་སའི་མཐུན་རྐྱེན་༢༥ དང་ ཕྱགས་སྙིགས་བཀོག་ས་ལྟེ་བ་༩ རྐྱབ་མི་ཚུ་ཡང་ ད་རེས་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།
ད་རེས་ ཐིམ་ཕུག་ རྟ་རྦབ་ལུ་ ཕྱགས་སྙིགས་སླར་བཟོའི་མཐུན་རྐྱེན་ཅིག་ རྐྱབ་པའི་བསྒང་ཡོདཔ་ད་ བཟོ་སྐྲུན་དེ་ཡང་ ཀོ་བིཌ་-༡༩ དང་ ཉམས་མྱོང་ཅན་གྱི་ ལས་བྱེདཔ་ཚུ་ དགོངས་ཞུ་འབད་མི་ལུ་བརྟེན་ དུས་ཚོད་ཁར་ འགྲུབ་མ་ཚུགསཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཕྱགས་སྙིགས་འཛིན་སྐྱོང་གཙོ་རིམ་ ལས་འགུལ་གྱི་ དམིགས་གཏད་འགྲུབ་ཐབས་ལུ་ ནད་ཡམས་དེ་གིས་ གདོང་ལེན་སྦོམ་སྦེ་ར་ རྐྱབ་ཅི་ཟེར་ཨིན་པས།
རྒྱལ་ཡོངས་ཀྱི་གནས་ཚད་ནང་ མཐུན་རྐྱེན་འཐོབ་ནི་དང་ གཞི་རྟེན་ དེ་ལས་ ཕྱགས་སྙིགས་ཀྱི་དོན་ལུ་ ཚོང་ལམ་བཟོ་ནི་བརྩིས་ཏེ་ ཕྱགས་སྙིགས་འཛིན་སྐྱོང་ནང་ མི་མང་གི་ བྱ་བ་དང་ སྤྱོད་ལམ་ཚུ་ བསྒྱུར་བཅོས་འབད་ནི་དེ་ གདོང་ལེན་སྦོམ་ཤོས་གཅིག་སྦེ་ ངོས་འཛིན་འབད་འདུག།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་མང་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ སླབ་ནི་དེ་ གཞི་རྟེན་མཐུན་རྐྱེན་དང་ མཐུན་རྐྱེན་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་འབད་དེ་ ཡིད་ཆེས་བསྐྱེད་ཚུགས་ བཟོ་དགོཔ་ཨིན་མས་ཟེར་ཨིན་པས།
འཛིན་སྐྱོང་འཇོན་ཐངས་ཅན་དང་ དོ་འགྲན་ཅན་ཅིག་སྦེ་ ལག་ལེན་འཐབ་ནིའི་དོན་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་གཞི་བཙུགས་འབད་ནི་ལུ་ མ་དངུལ་མ་ལང་མི་དེ་གིས་ ཕྱགས་སྙིགས་འཛིན་སྐྱོང་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
ཕྱགས་སྙིགས་སླར་བཟོ་ལམ་ལུགས་ཡར་དྲག་གཏང་ཐབས་ལུ་ བཟོ་གྲྭའི་གནས་སྟངས་རིམ་ལུགས་ དགོས་མཁོ་ཡོད་མི་དེ་ཡང་ བཟོ་གྲྭ་ ཡང་ཅིན་ ཁྱིམ་ནང་ལས་ཐོན་མི་ ཕྱགས་སྙིགས་ཚུ་ རྒྱུ་ཆས་དང་ ཡང་ཅིན་ བཟོ་གྲྭ་གཞན་ཚུ་གིས་ ལག་ལེན་འཐབ་ཚུགས་བཟོ་དགོ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་ཕྱགས་སྙིགས་བཀོད་ཐོ་བརྟག་ཞིབ་༢༠༡༩ དང་འཁྲིལ་བ་ཅིན་ འབྲུག་གིས་ ཉིན་བསྟར་ སླར་བཟོ་འབད་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཊཱོན་༡༧༢.༡༦ དང་ དེ་གི་གྲས་ལས་ ཐིམ་ཕུག་རྐྱངམ་གཅིག་ལས་ ཕྱགས་སྙིགས་ཊཱོན་༤༠.༣ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་གནས་སྡུད་ལས་ཁང་གི་བརྟག་ཞིབ་༢༠༢༠ ཅན་མའི་ནང་ཡང་ ཆུ་ཤོག་དང་ ཤོག་གུ་དང་འབྲེལ་བའི་ ཕྱགས་སྙིགས་ཊཱན་༡༧.༡ ཐོན་མི་དེ་ འབྲུག་གི་ཕྱགས་སྙིགས་ཡོངས་བསྡོམས་ལས་ བརྒྱ་ཆ་༡༥.༨ ཀྱི་བརྩིས་ཨིན་པས།
གི་རི་ནར་ཝེ་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ འབྲུག་ཕྱགས་སྙིགས་མཛོད་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ དམིགས་བསལ་དུ་ ཕྱི་སེལ་ཕྱགས་སྙིགས་སེམས་ཤུགས་ཀྱི་ ཆ་ཤས་ཅིག་ཨིན་པས།
འབྲུག་གི་ ཕྱགས་སྙིགས་མཛོད་ཁང་ལས་འགུལ་གྱིས་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ ཕྱགས་སྙིགས་མེདཔ་བཟོ་ནི་དང་ རྒྱལ་ཁབ་ཀྱི་ ཀར་བཱོན་ནིའུ་ཊཱལ་གནས་སྡུད་ཡར་དྲག་གཏང་ཐབས་ལུ་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།