༉ གཞུང་གིས་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ གློག་རིག་ལེབ་ཊོཔ་དང་ ཌེགསི་ཊོཔ་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཐད་ཀར་ཁག་འབག་བྱིན་ནི་སྦེ་ གྲོས་ཐག་བཅད་མི་དེ་ལུ་ སྒེར་གྱི་ བརྡ་དོན་འཕྲུལ་རིག་ལས་སྡེ་ཚུ་གིས་ ཚ་གྱང་ཚུ་བཤད་མི་དང་བསྟུན་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ མ་འོངས་མཁོ་སྒྲུབ་དོན་ལུ་ ལམ་ལུགས་གསརཔ་ཅིག་ ལག་ལེན་འཐབ་འོང་ཟེར་ སླབ་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ བཤད་མིའི་ནང་ གནད་དོན་འདི་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ འབྲུག་བརྡ་དོན་འཕྲུལ་རིག་ཚོགས་པ་དང་ དངུལ་རྩིས་ལྷན་ཁག་གི་ ངོ་ཚབ་ཚུ་གི་བར་ན་ གྲོས་འཛོམས་འཚོགས་པའི་ཤུལ་ལུ་ སེལ་ཐབས་འབད་ཡི་ཟེར་ཨིན་པས།
གཞི་བཀོད་གསརཔ་དེ་གིས་ གཞུང་དང་ འབྲུག་བརྡ་དོན་འཕྲུལ་རིག་ཚོགས་པ་ དེ་ལས་ མཁོ་སྒྲུབ་དང་རྒྱུ་དངོས་ལས་ཁུངས་ཀྱི་བར་ན་ མ་འོངས་མཁོ་སྒྲུབ་ཀྱི་དོན་ལུ་ རིན་བསྡུར་གསལ་བཀོད་དང་ ལམ་ལུགས་ཚུ་ ཟིན་བྲིས་བཏབ་ནི་ལུ་ མཉམ་འབྲེལ་ལེགས་ཤོམ་འབད་ཚུགས་ཟེར་ཨིན་པས།
ང་བཅས་ཀྱིས་ མོས་མཐུན་བྱུང་སྟེ་ཡོད་མི་དེ་ཡང་ མཁོ་སྒྲུབ་འབད་ནིའི་བྱ་རིམ་དེ་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིནམ་ད་ མ་འོངས་པ་ལུ་ མཁོ་སྒྲུབ་དང་རྒྱུ་དངོས་ལས་ཁུངས་ཀྱིས་ འབྲུག་བརྡ་དོན་འཕྲུལ་རིག་ཚོགས་པ་དང་ གཞུང་གི་འཕྲུལ་རིག་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིནམ་ད་ འབྲུག་གི་ མི་མང་ལས་སྡེ་ཚུ་གིས་ ཅ་ཆས་ངོ་མ་ཚུ་རྐྱངམ་གཅིག་ འཐོབ་ཚུགས་ནི་དང་ ཅ་ཆས་རྫུས་མ་ཚུ་ འཐོབ་མི་ཚུགས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འབྲུག་བརྡ་དོན་འཕྲུལ་རིག་ཚོགས་པ་གིས་ མཉམ་འབྲེལ་འདི་གི་ ཆ་ཤས་བཟུམ་ཅིག་སྦེ་ པར་སྐྲུན་སྣང་དུང་དོན་ལུ་ ཁྱད་ཚད་ཚུ་ ལེགས་ཤོམ་བཟོ་ནི་ལུ་ གྲོགས་རམ་འབད་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ ལེབ་ཊོཔ་དང་ ཌེགསི་ཊོཔ་ཚུ་ ཉོ་སྒྲུབ་འབད་ནིའི་དོན་ལུ་ འབྲུག་ཚོང་འབྲེལ་ལས་འཛིན་དང་གཅིག་ཁར་ ཁག་འབག་གན་ཡིག་ བཟོ་ཚར་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ སླབ་མི་དང་འཁྲིལཝ་ད་ གློག་རིག་ལེབ་ཊོཔ་དང་ ཌེགསི་ཊོཔ་ཚུ་ ཉོ་ནི་དང་ འཛིན་སྐྱོང་འཐབ་ནི་དེ་ མཁོ་སྒྲུབ་དང་རྒྱུ་དངོས་ལས་ཁུངས་ཀྱིས་བྱིན་མི་ སྤྱི་ལོ་༢༠༢༤ ལོའི་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ལམ་སྟོན་དང་འཁྲིལ་ཏེ་ འབད་དགོཔ་ཨིན་པས།
མཁོ་སྒྲུབ་ཀྱི་བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལ་བ་ཅིན་ དངུལ་ཀྲམ་ས་ཡ་༡༥ ལས་ལྷག་པའི་ མཁོ་སྒྲུབ་དོན་ལུ་ མི་མང་རིན་བསྡུར་འབད་དགོཔ་ཨིནམ་ད་ དེ་ཡང་ གོང་ཚད་ཀྱི་དབྱེ་ཁག་ཚུ་ནང་ རིན་བསྡུར་ཉུང་སུ་སྦེ་བྱིན་དགོ་པའི་ ཚད་འཛིན་འབད་ཡོདཔ་ཨིན་པས།
རིན་བསྡུར་ཚད་འཛིན་གྱི་ ལཱ་ཚུ་ཡང་ དངུལ་ཀྲམ་ས་ཡ་༡༠ལས་༡༥ འི་བར་ན་དང་ ཅ་ཆས་ཚུ་གི་དོན་ལུ་ དངུལ་ཀྲམ་༥༠,༠༠༠དང་ དངུལ་ཀྲམ་ས་ཡ་༡ གི་བར་ན་ཨིནམ་ད་ ཨིན་རུང་ ཐད་ཀར་ཁག་འབག་ལཱ་དེ་ དངུལ་ཀྲམ་ས་ཡ་༡༠ཚུན་ཨིནམ་ད་ ཅ་ཆས་ཚུ་གི་དོན་ལུ་ དངུལ་ཀྲམ་༥༠,༠༠༠ཚུན་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ གྲོས་ཐག་བཅད་མི་དེ་ལུ་ སྐྱོན་བརྗོད་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་གིས་ བརྡ་དོན་འཕྲུལ་ཡིག་གི་ ཚོང་འབྲེལ་ལུ་ བར་ཆད་རྐྱབ་འོང་ཟེར་ཨིནམ་ད་ དམིགས་བསལ་དུ་ ད་རེས་ནངས་པར་ གཞུང་དབང་ལས་སྡེ་ཚུ་གི་ དབང་ཤུགས་ཡར་འཕར་འགྱོ་མི་ལུ་བརྟེན་ ཚོང་འབྲེལ་དེ་ འོང་འབབ་བཟོ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ གྲོས་ཐག་བཅད་མི་དེ་གིས་ སྒེར་གྱི་འཕྲུལ་རིག་འཕྲུལ་རིག་སྡེ་ཚན་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ལས་ དེ་གིས་ གོང་འཕེལ་དང་ཡུན་བརྟན་གནས་སྟངས་ལུ་ གནོད་སྐྱོན་སྦོམ་སྦེ་ར་ ཕོག་ནི་མས་ཟེར་ཨིན་པས།
སྤྱི་ཟླ་༡༠པའི་ཚེས་༢༥ ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ བློན་ཆེན་ལུ་བཏང་མི་ ཡི་གུའི་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ སྒེར་སྡེ་ཚུ་ ཡུན་བརྟན་གནས་ནིའི་དོན་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིནམ་ད་ དམིགས་བསལ་དུ་ གཞུང་དབང་ལས་སྡེ་ཚུ་གི་ འགན་ཁུར་རྒྱ་སྐྱེད་འབད་མི་ལུ་བརྟེན་ཨིན་པས།
རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་ལས་སྡེ་༣༥ ལྷགཔ་ཅིག་ ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement