༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༤ ཅན་མ་དང་འཁྲིལ་བ་ཅིན་ འདས་པའི་ལོ་༣ གྱི་ནང་འཁོད་ལུ་ གཞུང་གིས་ མགྲོན་སྐྱོང་དང་ སྤྲོ་སྟོན་ཟད་འགྲོ་ དངུལ་ཀྲམ་ས་ཡ་༩༡ བཏང་ཡོདཔ་ཨིན་པས།
ཟད་འགྲོ་ཚུ་ཡང་ ལྷན་ཁག་༡༠ དང་ མངོན་མཐོ་ཁྲིམས་འདུན་ རྒྱལ་ཡོངས་ཚོགས་སྡེ་ རྒྱལ་ཡོངས་ཚོགས་འདུ་ དེ་ལས་ ལྷན་རྒྱས་དྲུང་ཆེན་ཚུ་ནང་ བཏང་ཡོདཔ་ཨིན་པས།
ལས་སྡེ་ཚུ་བསྡོམས་ཏེ་ མགྲོན་སྐྱོང་དང་ སྤྲོ་སྟོན་ཟད་འགྲོ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༣༥.༢༣ བཏང་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གཞུང་ལུ་ གཞུང་གིས་ མགྲོན་སྐྱོང་དང་ སྤྲོ་སྟོན་ཟད་འགྲོ་གི་ ལམ་སྟོན་གསལ་ཏོག་ཏོ་ཅིག་ བཟོ་དགོ་པའི་གྲོས་འདེབས་ བཀོད་དེ་ཡོདཔ་ཨིན་པས།
ལམ་སྟོན་ལ་ལོ་ཅིག་ བཟོ་ཡོད་རུང་ གསལ་ཏོག་ཏོ་ཅིག་མེདཔ་ལས་ དོན་འགྲེལ་སོ་སོར་སྦེ་ ལེན་ནིའི་གོ་སྐབས་ཡོདཔ་ལས་ འགོ་དཔོན་ཚུ་གིས་ འཕྲལ་འཕྲལ་ར་ ཟད་འགྲོ་ལ་ལུ་ཅིག་ གནང་བ་མེདཔ་སྦེ་ གསལ་བཀོད་མ་འབད་བར་ཡོད་མི་ཚུ་ བཀོད་སྒྲིག་འབད་བའི་ཚད་གཞི་ནང་འཁོད་ གཏང་ཆོགཔ་སྦེ་ བདེན་ཁུངས་བཀལ་ནི་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ བཀོད་མིའི་ནང་ རང་དབང་ཐག་བཅད་ཀྱི་གནང་བྱིན་དེ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ དཔྱད་ཡིག་དང་ ཡིག་ཆ་ཚུ་བཏོན་དགོ་པའི་ འགན་ཁུར་མེདཔ་ལས་ མ་དངུལ་ལག་ལེན་འཐབ་མིའི་ནང་ དྭངས་གསལ་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ རང་དབང་ཐག་བཅད་ཀྱི་གནང་བྱིན་ལས་ འཐོབ་ཚུགས་པའི་ ཟད་འགྲོ་ཚུ་ཡང་ མགྲོན་སྐྱོང་དང་ སྤྲོ་སྟོན་ཟད་འགྲོ་ལས་ བཏང་དོ་ཡོདཔ་ཨིན་པས།
མ་གཞི་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་དང་ དེ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ཚུ་གི་དོན་ལུ་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་ ཐོབ་ཚད་དངུལ་ཀྲམ་ས་ཡ་༡.༥ ལས་བརྒལ་མེད་རུང་ ཚད་གཞི་ལས་བརྒལ་ཏེ་ མ་དངུལ་ཁ་སྐོང་ དུས་རྒྱུན་དུ་ར་ ངོས་ལེན་མེད་པར་ བྱིན་བཞིན་ཡོདཔ་ཨིན་པས།
དབང་འཛིན་གྱིས་ ཚད་གཞི་དེ་ ལུགས་མཐུན་བཟོ་ནིའི་དོན་ལུ་རྐྱངམ་གཅིག་ བཟོ་ཡོདཔ་བཟུམ་ཅིག་ མཐོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢-༢༣ གྱི་རིང་ སྤྱིར་བཏང་མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་གི་ འཆར་དངུལ་དངུལ་ཀྲམ་ས་ཡ་༡༨.༥༠༠ ལས་ དངུལ་ཀྲམ་ས་ཡ་༨༢.༧༡༠ ལུ་ བསྐྱར་ཞིབ་འབད་ནུག།
དབང་འཛིན་གྱིས་ སྙན་དར་དང་ སེམས་གསོ་ དེ་ལས་ དངུལ་རྐྱང་གསོལ་ར་ཚུ་ སྙན་དར་དང་ སེམས་གསོ་ དེ་ལས་ དངུལ་རྐྱང་གསོལ་ར་ཚུ་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་ལས་བཏང་ཡོདཔ་སྦེ་ མངོན་གསལ་བྱུང་ ཡོདཔ་ཨིན་པས།
ངོ་རང་རྐྱང་གི་ ཐག་བཅད་ཐོག་ལས་ སྤྲོད་དོ་ཡོདཔ་ལས་ དེ་བཟུམ་མའི་ གསོལ་རས་ཚུ་ རང་དབང་ཐག་བཅད་ཀྱི་ གནང་བྱིན་གྱི་འབྲེལ་ཁར་འོང་དགོ་ཟེར་ དབང་འཛིན་གྱིས་ བཀོད་ཡོདཔ་ཨིན་པས།
དབང་འཛིན་གྱིས་ དངུལ་རྐྱང་གསོལ་རས་ ལེ་ཤ་ཅིག་ར་ བྱིན་ཡོད་པའི་ གནས་སྟངས་མཐོང་ཡོདཔ་ད་ དཔེར་ན་ ཐབ་ཚངཔ་གཅིག་ལུ་ དངུལ་རྐྱང་གསོལ་རས་སྦེ་ དངུལ་ཀྲམ་༣༠,༠༠༠ བྱིན་ཏེ་འདུག་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལྟོ་ཁ་དེ་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་འོག་ལུ་ བཀོད་སྒྲིག་འབད་མ་ཆོགཔ་ལས་ དངུལ་གྱི་གསོལ་རས་སྦོམ་དེ་ ལྟོ་ཁའི་རྩིས་ཁྲ་ནང་ལས་ འོང་དགོ་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།
དེ་ལས་ བློན་པོ་ཚུ་དང་ ཕྱག་ཞུ་འགྱོ་མི་ དེད་གཡོགཔ་དང་ སྲུང་སྐྱོབ་པ་ཚུ་ལུ་ གསོལ་རས་ཚུ་ གཞུང་གི་མ་དངུལ་ལས་ བྱིན་དོ་ཡོདཔ་ལས་ དེ་བཟུམ་མའི་ གསོལ་རས་ཀྱི་ལམ་ལུགས་དེ་ ཁག་ཆེཝ་ཅིག་ མ་མཐོང་ཟེར་ དབང་འཛིན་གྱིས་ བཀོད་ཡོདཔ་ཨིན་པས།
དབང་འཛིན་གྱིས་ རང་རང་སོ་སོའི་འདེམས་ཁོངས་ནང་ ལྟ་སྐོར་གྱི་དོན་ལུ་འགྱོ་བའི་སྐབས་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་ནང་ལས་ གོ་དང་ ཡང་ཅིན་ དཀྱི་ར་མངམ་སྦེ་ཉོ་བའི་ཁར་ འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ཡང་ སེམས་གསོ་དངུལ་སྤྲོད་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་ནང་ལས་ འགྲོ་འགྲུལ་གྱི་ ཟད་འགྲོ་ངོ་མ་བཏང་པའི་ཁར་ རྒྱལ་ཁབ་ནང་འཁོད་ཀྱི་ ཞལ་འཛོམས་དང་ དུས་སྟོན་ཚུ་གི་དོན་ལུ་ཡང་ བཏང་སྟེ་ཡོདཔ་ཨིན་པས།
རང་དབང་ཐག་བཅད་ཀྱི་ གནང་བྱིན་དེ་འོག་ལུ་ དམིགས་བསལ་གྱི་ ཟད་འགྲོ་གི་ ཁྱད་ཚད་ག་ནི་ཡང་མེཔ་ལས་ ཟད་འགྲོ་ཚུ་ རང་དབང་ཐག་བཅད་ ཨིན་ན་མེན་ན་ག་ར་ མགྲོན་སྐྱོང་དང་ སྤྲོ་སྟོན་གྱི་ཟད་འགྲོ་ལས་ སྤྲོད་དོ་ཡོདཔ་ལས་ མ་དངུལ་ཐོབ་ཡོད་མི་ཚུ་ལུ་ འོང་འབབ་ཁ་སྐོང་ལུ་ གྱུར་ཡོདཔ་ཨིན་པས།
དངུལ་ཕོགས་བསྐྱར་ཞིབ་གསརཔ་ བཟོ་ཡོད་མི་དང་འབྲེལ་ རང་དབང་ཐག་བཅད་ཀྱི་ གནང་བྱིན་དེ་ ཟླཝ་རེ་ནང་ ཚད་གཞི་བཟོ་སྟེ་ ཟླ་རིམ་གྱི་དངུལ་ཕོགས་དང་གཅིག་ཁར་ སྤྲོད་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement