༉ འཆར་གཞི་༡༣ པའི་སྐབས་ཀྱི་ འཆར་གཞིའི་དོན་ལུ་ འཆར་དངུལ་ཚུ་ རྒྱ་ཆེཝ་སྦེ་བཞག་མི་དང་ དེ་ལུ་བརྟེན་པའི་ཉེན་ཁ་ གོང་འཕེལ་གྱི་གནད་དོན་ནང་ འཆར་དངུལ་ཚུ་ ཆ་སྙོམས་སྦེ་ བཞག་དགོ་པའི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་རྩིས་བློན་པོ་ལུ་ དྲིས་བཀོད་ཞུ་ཡི།
ཁྱད་ལྡན་གྱི་འཐུས་མི་ བཀྲིས་དབང་རྒྱལ་གྱིས་ གཞུང་གི་ཁ་ཐུག་ལས་ འཆར་དངུལ་ཚུ་ རྒྱ་ཆེཝ་སྦེ་བཞག་ཡོད་པའི་སྐོར་ལས་ གསལ་སྟོན་འབདཝ་ད་ དེ་དང་བསྟུན་པའི་ ལྟ་རྟོག་ཚུ་མེད་པ་ཅིན་ རྒྱལ་ཁབ་དང་ དཔལ་འབྱོར་ལུ་ ཉེན་ཁ་ཡོད་ཟེར་ ཞུ་བའི་ཁར་ ཟད་འགྲོའི་རྩིས་དཔྱད་སྲིད་བྱུས་ཀྱིས་ དངུལ་འབྲེལ་གྱི་སྲིད་དོན་ལུ་ བར་ཆད་རྐྱབ་པའི་ཁར་ ཕྱི་དངུལ་གསོག་འཇོག་ མ་དངུལ་བགོ་བཀྲམ་ རྩིས་ཆད་ དེ་ལས་ སྐྱ་ནམ་གོང་ཚད་ཡར་སེང་ལུ་ ཚ་གྱང་ཡོད་ཟེར་ཞུ་ཡི།
ད་རུང་ ནན་བསྐྱར་དུ་ཞུ་མིའི་ནང་ ནང་འདྲེན་ཡར་སེང་སོང་མི་གིས་ དཔལ་འབྱོར་ལུ་ གནོད་ཉེན་ཡོད་ཟེར་ཨིནམ་ད་ དེ་ཚུ་ཧེ་མ་ཡང་ཐོན་ཡོདཔ་ལས་ བློན་པོ་ལུ་ ཉེན་ཁ་ཡོད་མི་ཚུ་ མར་ཕབ་འབད་དགོ་ཟེར་ཨིནམ་ད་ གཞུང་གི་དམིགས་ཡུལ་དེ་ ལེགས་ཤོམ་ཡོད་དེ་འབད་རུང་ འདས་པའི་རིང་ལུ་ ལག་ལེན་ཚུལ་མཐུན་བྱུང་མ་ཚུགས་མི་གིས་ མི་སེར་ལུ་གནོད་པའི་ཁར་ ཕན་ཐོགས་བྱུང་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་ ཚ་གྱང་ཡོད་མི་ལུ་ ངལ་རངས་བྱུང་ཡི་ཟེར་ཨིནམ་ད་ གནས་སྟངས་དེ་ཚུ་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ལྟ་རྟོག་འབད་འོང་ཟེར་ ཞུ་ཡི།
ཁོ་གིས་ ཆད་དུ་མངགས་ཏེ་ ཞུ་མིའི་ནང་ ཞི་གཡོག་པའི་དངུལ་ཕོགས་ཚུ་ལངམ་སྦེ་ ཞབས་ཏོག་གྲུབ་མ་ཚུགས་མི་གིས་ མི་སྟོབས་ལང་མ་ཚུགས་པའི་ གདོང་ལེན་བྱུང་ཡོད་ཟེར་ཨིནམ་ད་ བློན་པོ་གིས་ འཆར་གཞི་ཚུ་གསལ་སྟོན་འབདཝ་ད་ དཔལ་འབྱོར་གོང་འཕེལ་ཐོག་ལས་ ནང་འདྲེན་མར་ཕབ་འབད་ནི་དང་ དེ་ཡང་ འཁོར་ལམ་བཟོ་སྐྲུན་དང་ མཐའ་ཟུར་ཚུ་ནང་ ཚོང་འབྲེལ་ཐོབ་ཐབས་ སྒེར་སྡེ་ཚུ་ལུ་ དངུལ་འབྲེལ་སེམས་ཤུགས་ཐོན་སྐྱེད་ ཡར་དྲག་བཏང་ནི་ཨིན་ཟེར་ཨིན་པས།
ད་རུང་ གཞུང་གིས་ སྐྱ་ནམ་གོང་ཚད་ཡར་སེང་དེ་ དངུལའབྲེལ་ཐོག་ལས་ བརྒྱ་ཆ་༤ དང་༥ གི་བར་ན་ བཞག་ནི་ཨིན་ཟེར་ཨིན་པས།
ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ གཞུང་གིས་ རྫོང་ཁག་ཆ་མཉམ་ནང་ ལུང་ཕྱོགས་ཆ་སྙོམས་གོང་འཕེལ་ལུ་ གཅིག་མཚུངས་ཀྱི་ འཆར་དངུལ་བཞག་པ་ཅིན་ཟེར་བའི་ དྲིས་བཀོད་འབད་ཡོདཔ་ད་ དེ་དང་འབྲེལ་ ཁོ་གི་ གྲོང་གསེབ་ལས་ཁྲོམཁར་གནས་སྤོ་འོང་མི་དང་ འཆར་དངུལ་བགོ་སྐལ་འབདཝ་ད་ འདྲ་མཉམ་འགྱོ་མ་ཚུགས་པའི་ གནད་དོན་ཚུ་ འདུག་ཟེར་ཞུ་ཡི།
བུམ་ཐང་འཐུས་མི་ དཀོན་མཆོག་ཚེ་རིང་གིས་ རྫོང་ཁག་དང་ ཁྲོམ་སྡེ་དང་ཕྱདཔ་ད་ རྒེད་འོག་གནས་རིམ་ནང་ ལས་མིའི་གོ་སྐབས་ཀྱི་ འཆར་དངུལ་ཚུ་ ཉུང་སུ་ཅིག་ལས་བརྒལ་མེད་མི་གིས་ ལཱ་གཡོག་མེད་པའི་གདོང་ལེན་ལུ་ ལྷན་གྲོགས་འབད་མི་ཚུགས་ཟེར་ ཞུ་ཡི།
རྒེད་འོག་ནང་ ལཱ་གཡོག་མེད་པའི་གནད་དོན་ རྒྱ་ཆེཝ་སྦེ་ར་ཐོན་མི་དང་ གལ་སྲིད་ འཆར་དངུལ་ཚུ་ ཐོབ་སྐལ་གནངམ་འདྲཝ་འབད་བ་ཅིན་ དེ་གིས་ ལཱ་གཡོག་གི་དཀའ་ངལ་ཚུ་ སེལ་ཚུགས་ཟེར་ཨིན་པས།
དེ་གི་ལན་ལུ་ དངུལ་རྩིས་བློན་པོ་ལེགས་སྐྱིད་རྡོ་རྗེ་གིས་ འཆར་དངུལ་འདྲ་མཉམ་བགོ་བཀྲམ་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་མི་དེ་ཡང་ རྫོང་ཁག་སྦོམ་ཆུང་གི་ཁྱད་པར་དང་ མི་རློབས་མང་ཉུང་གི་ ཁྱད་པར་ལུ་ བལྟ་དགོཔ་འདུག་ཟེར་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་དང་ ཕན་ཚུན་སྦྲེལ་མཐུད་འབད་དེ་ ཁེ་ཕན་རྒྱ་ཆེཝ་སྦེ་ བྱུང་ཚུགས་པའི་ འཆར་གཞི་ཡོད་ཟེར་ ཞུ་ཡི།
གྲོང་གསེབ་ཀྱི་ མི་རློབས་ཚུ་ལུ་ དངུལ་འབྲེལ་གྱི་ཐོབ་ཐབས་ འཇམ་སུ་ཡོད་པའི་མཐུན་རྐྱེན་དགོཔ་སྦེ་ འཐུས་མི་ཚུ་གིས་ གཞུང་ལུ་ ཞུ་བ་འབདཝ་ཨིན་པས།
དུས་ཚོད་ཀྱི་ཁྱད་པར་ལུ་དམིགས་ཏེ་ ཁྲི་འཛིན་གྱིས་ དངུལ་རྩིས་བློན་པོ་དང་གཅིག་ཁར་ གྲོས་བསྡུར་འབད་ནིའི་དོན་ལུ་ དུས་ཚོད་ཐེབས་སྐར་མ་༡༠ གནང་ཡོད་རུང་ དེ་གིས་ཡང་ འཐུས་མི་ཚུ་ལུ་ ངལ་རངས་བྱུང་ཚུགས་པའི་ རྒྱབ་སྣོན་ཅིག་ ཐོབ་མ་ཚུགསཔ་ཨིན་པས།
འཆར་དངུལ་བགོ་བཀྲམ་ཐེར་འབུམ་༥༡༢.༢༨ འབད་མི་གིས་ འཆར་གཞི་༡༣ པའི་ནང་ བརྒྱ་ཆ་༦༣ ཡར་སེང་སོང་ཡོདཔ་ད་ ད་ཚུན་ལུ་ ཚད་གཞི་མཐོ་ཤོས་ཅིག་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས

Advertisement