༉ གཞུང་གིས་ སོ་ནམ་པ་ཚུ་གི་རྒྱབ་སྐྱོར་དོན་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ཉེན་ཁ་དང་ རི་དྭགས་སེམས་ཅན་ཚུ་ གནོད་སྐྱོན་ལས་ ཉེན་སྲུང་འབད་ཐབས་ལུ་ རྒྱལ་ཡོངས་ལོ་ཐོག་དང་སྒོ་ནོར་ཉེན་བཅོལ་ལས་རིམ་ འགོ་བཙུགས་ནིའི་ འཆར་གཞི་བསྐྱར་བཟོ་འབད་ཡོདཔ་ཨིན་པས།
ཉེན་བཅོལ་ལས་རིམ་དེ་གིས་ གཞུང་ལུ་ མ་འོངས་ལོ་༤ གི་རིང་ ཚོད་རྩིས་དང་འཁྲིལཝ་ད་ དངུལ་ཀྲམ་ས་ཡ་༩༢༧.༨༣ གནས་ནི་ཨིནམ་ད་ དེ་གིས་ སོ་ནམ་པ་ཚུ་ལུ་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་འབྱུང་པའི་སྐབས་ རྒུད་འཐུས་སྤྲོད་ནི་ཨིན་པས།
སོ་ནམ་དང་སྒོ་ནོར་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་འདུ་ལུ་ གྲོས་འཆར་དེ་ཕུལ་ཡོདཔ་ད་ ཁོ་གིས་ ལེགས་བཅོས་འབད་མི་ལས་རིམ་དེ་ སང་ཕོད་ལས་ འགོ་བཙུགས་ནི་ཨིན་པས།
རྩོལ་སྒྲུབ་དེ་ སྤྱི་ཚོགས་༤ པའི་ ཚོགས་ཐེངས་དང་པའི་སྐབས་ གྲོས་ཐག་བཅད་མི་དང་བསྟུན་ཨིནམ་ད་ དེ་ནང་ ལོ་ཐོག་དང་ སྒོ་ནོར་གནོད་སྐྱོན་རྒུད་འཐུས་བློ་གཏད་མ་དངུལ་ བཙུགས་དགོཔ་སྦེ་བཀོད་ཡོདཔ་ཨིན་པས།
སོ་ནམ་དང་སྒོ་ནོར་བློན་པོ་གིས་ རྒུད་འཐུས་ཀྱི་ཐབས་ལམ་བཟོ་ནི་ལུ་ གདོང་ལེན་བྱུང་ཡོད་པའི་ ངོས་ལེན་འབད་ཡོདཔ་ད་ དེ་ཚུ་གི་གྲས་ལས་ སྤྱི་ལོ་༢༠༡༧ ལུ་ བརྟན་རྩ་མ་དངུལ་བཙུགས་ནི་དང་ སྤྱི་ལོ་༢༠༢༡ ལུ་ ཉེན་བཅོལ་འཆར་གཞི་ ལག་ལེན་འཐབ་ནི་དེ་ འཐུས་ཤོར་བྱུང་ཡོདཔ་ཨིན་པས།
གྲོས་བསྡུར་འབད་བའི་སྐབས་ སྤྱི་ཚོགས་ཀྱི་འཐུས་མི་ལ་ལུ་ཅིག་གིས་ སོ་ནམ་པ་ཚུ་གི་དོན་ལུ་ ཉེན་བཅོལ་བཙུགས་རིམ་གྱི་ ཚ་གྱང་བཤད་ཡོདཔ་མ་ཚད་ དེ་གི་དོན་ལུ་ ཐབས་ལམ་གཞན་ཅིག་སྦེ་ བློ་གཏད་མ་དངུལ་ཅིག་ བཟོ་དགོཔ་སྦེ་ སླབ་ཡོདཔ་ད་ གཞན་ཚུ་གིས་འབད་བ་ཅིན་ ས་ཞིང་ཚུ་ རྒྱ་སྐྱེད་འབད་ནི་དང་ ས་ཁ་མཐོ་སའི་སེམས་ཅན་ཚུ་ལུ་ཡང་ བྱིན་དགོཔ་འདུག་ཟེར་ཨིན་པས།
ར་ལྡི་སག་སྟེང་གི་འཐུས་མི་ བཀྲིས་བསྟན་འཛིན་གྱིས་ འདས་པའི་ལོ་ཚུ་ནང་ དངུལ་རྩིས་ལྷན་ཁག་གིས་ རྒྱབ་སྐྱོར་མ་འབད་མི་ལུ་ དྲི་བཀོད་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གཞུང་གིས་ ཉེན་བཅོལ་གྱི་ ཟད་འགྲོ་ག་དེམ་ཅིག་ བྱིན་ཚུགས་ག་ཟེར་ཨིན་པས།
སོ་ནམ་དང་སྒོ་ནོར་བློན་པོ་གིས་ ཚོགས་ཁང་ནང་ ཞུ་མིའི་ནང་ ལས་རིམ་དེ་གིས་ གཞུང་གི་རྒྱབ་སྐྱོར་དང་ སོ་ནམ་པ་ཚུ་གི་ ཕན་འདེབས་བར་ན་ ཚད་མཉམ་བཟོ་ཚུགས་ནི་ཨིནམ་ད་ ཧེ་མའི་ གྲོས་འཆར་བཙུགས་མི་དང་ཕྱདཔ་ད་ བཙུགས་རིམ་མར་ཕབ་འབད་ཚུགས་ནི་ཨིན་པས།
འཆར་གཞི་གསརཔ་གི་འོག་ལུ་ ལོ་ཐོག་གི་ཉེན་བཅོལ་འཐུས་དེ་ བརྒྱ་ཆ་༥.༨ དང་ སྒོ་ནོར་གྱི་ཉེན་བཅོལ་གྱི་འཐུས་དེ་ ལོ་དང་པའི་ནང་ བརྒྱ་ཆ་༡༥ ལས་ འགོ་བཙུགས་ནི་ཨིནམ་ད་ ལས་རིམ་དེ་ སོ་ནམ་པ་ཚུ་གི་དོན་ལུ་ སྤྲོད་ཚུགསཔ་སྦེ་ བཟོ་ཡོདཔ་ཨིན་པས།
ལས་རིམ་དེ་གི་དོན་ལུ་ ལོ་༤ གི་རིང་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༩༢༧.༨༣ གནས་ནི་ཨིནམ་ད་ གཞུང་གི་མ་དངུལ་ཚུ་ཡང་ ལོ་དང་པའི་ནང་ དངུལ་ཀྲམ་ས་ཡ་༣༣༡.༣༧ དང་ ལོ་གཉིས་པའི་ནང་ དངུལ་ཀྲམ་ས་ཡ་༢༦༥.༠༩ དེ་ལས་ ལོ་གསུམ་པའི་ནང་ དངུལ་ཀྲམ་ས་ཡ་༡༩༨.༨༢ དེ་ལས་ ལོ་བཞི་པའི་ནང་ དངུལ་ཀྲམ་ས་ཡ་༡༣༢.༥༥ བགོ་བཀྲམ་འབད་ནི་ཨིན་པས།
དེ་ཚུ་ འཐོབ་ཚུགསཔ་བཟོ་ཐབས་ལུ་ ལྷན་ཁག་གིས་ བརྟག་དཔྱད་ལས་རིམ་ཅིག་ གྲོས་འཆར་བཀོད་ཡོདཔ་ད་ དེ་གི་དོན་ལུ་ གཞུང་གིས་ བཙུགས་རིམ་བརྒྱ་ཆ་༥༠ གྲོགས་རམ་བྱིན་ནི་ཨིནམ་ད་ གཞུང་དང་ སོ་ནམ་པ་གཉིས་ཆ་ར་གིས་ སྤྲོད་ཚུགས་ཧིང་དང་བསྟུན་ ཕག་ཆག་འབད་དེ་ བསྒྱུར་བཅོས་འབད་ནི་ཨིནམ་ད་ དེ་གིས་ མ་དངུལ་གྱི་གནས་སྟངས་དེ་ ཡུན་བརྟན་བཟོ་ཚུགས་ནི་ཨིན་པས།
ལྷན་ཁག་གིས་ དངུལ་རྩིས་ལྷན་ཁག་དང་ ཉེན་བཅོལ་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ གྲོས་འཆར་དེ་ ལེགས་ཤོམ་སྦེ་བཟོ་ཡོདཔ་ད་ གྲོས་ཐག་གཅད་ནི་ལུ་ ཐབས་རིག་གི་རྒྱབ་སྐྱོར་དང་ ཟད་འགྲོའི་ཚོད་རྩིས་ཚུ་ བཙུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་འཆར་དེ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ འཐུས་མི་༤༠ ལས་༢༩ གིས་ བློ་གཏད་མ་དངུལ་ལུ་ གདམ་ཁ་རྐྱབ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཚོགས་ཁང་གིས་ བློན་པོ་ལུ་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་ སྙན་ཞུ་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།