༉ མི་དང་རི་དྭགས་སེམས་གྱི་བར་ན་ བྲེལ་ཟིང་ཡར་འཕར་འགྱོ་མིའི་དཀའ་ངལ་ སེལ་ཐབས་འབད་ནི་དང་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་བསྲུང་ནིའི་དོན་ལུ་ འཆར་གཞི་༡༣ པའི་ནང་ ལྕགས་སྐུད་དྲྭ་མིག་རཝ་ མཁོ་སྒྲུབ་འབད་ནིའི་དོན་ལས་ སོ་ནམ་དང་སྒོ་ནོར་ལྷན་ཁག་ལུ་ དངུལ་ཀྲམ་ཐེར་འབུམ་༥.༡ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལྕགས་སྐུད་དྲྭ་མིག་ལས་འགུལ་གྱིས་ རྒེད་འོག་༢༠༥ དང་ རྫོང་ཁག་༢༠ཁྱབ་སྟེ་ཡོདཔ་ད་ རྩོལ་སྒྲུབ་འདི་གི་འོག་ལུ་ བྱཱ་ཞིང་ཨེ་ཀར་༢༤,༠༠༠དང་ གེ་ཟ་ཞིང་ཨེ་ཀར་༡༢,༠༠༠དེ་ལས་ ཀེ་བ་ཞིང་ཨེ་ཀར་༩,༠༠༠ལྕགས་སྐུད་དྲྭ་མིག་རཝ་ རྐྱབ་ནི་ཨིན་པས།
དེ་ལས་ ཉེན་ཁ་ཅན་གྱི་ ལོ་ཐོག་གཞན་ཚུ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ད་རུང་ དངུལ་ཀྲམ་ཐེར་འབུམ་༢.༨ ལོགས་སུ་སྦེ་ བཞག་ཡོདཔ་ཨིན་པས།
འདས་པའི་ལོ་༢ ནང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ རྫོང་ཁག་ཚུ་ནང་ ཉི་དྲོད་གློག་ཐག་རཝ་ ཀི་ལོ་མི་ཊར་༣༣.༥ དང་ ལྕགས་སྐུད་དྲྭ་མིག་རཝ་ ཀི་ལོ་མི་ཊར་༨༧ རྒྱབ་སྐྱོར་འབད་མི་དེ་གིས་ ཉི་དྲོད་གློག་ཐག་རཝ་ ཨེ་ཀར་༤༢༧ དང་ ལྕགས་སྐུད་དྲྭ་མིག་རཝ་ ཨེ་ཀར་༣,༢༠༠ལྷགཔ་ཅིག་ སྲུང་སྐྱོབ་འབད་དེ་ ཁྱིམ་གུང་༡,༡༥༥ ལྷགཔ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
གཞུང་གིས་ རྩིས་ལོ་འདི་ནང་ ལྕགས་སྐུད་དྲྭ་མིག་རཝ་ བསྒོར་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༦༧.༥ གཞི་བཙུགས་འབད་ནི་ཨིནམ་ད་ ད་ལྟོ་ སོ་ནམ་ལས་ཁུངས་ཀྱིས་ ལྕགས་སྐུད་དྲྭ་མིག་རཝ་དང་ ཅ་ཆས་གཞན་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
སོ་ནམ་དང་སྒོ་ནོར་ལྷན་ཁག་གི་ བློན་པོ་ཡོན་ཏན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ སྤྱིར་བཏང་འཆར་དངུལ་དེ་ དངུལ་ཀྲམ་ས་ཡ་༦༦༧.༥ ཨིནམ་ད་ དེ་ནང་ བཟའ་འཐུང་ཉེན་སྲུང་དང་སོ་ནམ་ཐོན་སྐྱེད་ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༣༠བགོ་བཀྲམ་འབད་མི་དེ་ཡང་ ཚུདཔ་ཨིན་པས།
རྒྱ་གར་གཞུང་ལས་ དངུལ་ཀྲམ་ས་ཡ་༦༣༧.༥ བགོ་བཀྲམ་འབད་མི་དེ་ཡང་ རྫོང་ཁག་ཚུ་གི་དོན་ལུ་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
ལྕགས་སྐུད་དྲྭ་མིག་རཝ་བསྒོར་ནི་དེ་ འདས་པའི་ལོ་ནང་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་ རྩོལ་སྒྲུབ་འདི་གིས་ རྫོང་ཁག་༢༠ལས་༡༦ ཁྱབ་ཡོདཔ་བཞིན་དུ་ ལྷག་ལུས་རྫོང་ཁག་ཚུ་ཡང་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ད་ འདས་པའི་གཞུང་གིས་ ལྕགས་སྐུད་དྲྭ་མིག་རཝ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༢༢-༢༣ ལུ་ དངུལ་ཀྲམ་ས་ཡ་༥༠༠དང་ སྤྱི་ལོ་༢༠༢༣-༢༤ གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ ལུ་ གློག་ཤུགས་ར་བ་གི་ རྒྱལ་ཡོངས་ཕན་གནོད་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ གཞུང་གིས་ མི་དང་རི་དྭགས་སེམས་བར་ནའི་ བྲེལ་ཟིང་བཀག་ཐབས་འབད་ནི་དང་ རི་དྭགས་སེམས་ཅན་ཚུ་ལུ་ ལོ་ཐོག་ཤོར་ནི་ལས་ མར་ཕབ་རྐྱབ་ནིའི་དོན་ལུ་ སྤྱི་ལོ་༢༠༡༣ ལུ་ གློག་ཤུགས་ར་བ་ ལག་ལེན་འཐབ་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
གློག་ཤུགས་ར་བ་བསྒོར་མི་དེ་གིས་ ཧ་ལམ་ ཕན་ཐོགས་བྱུང་ཡོད་རུང་ སྤྱིར་བཏང་དཀའ་ངལ་བྱུང་མིའི་གྲངས་སུ་ མཐུད་སྦྲེལ་ལེགས་ཤོམ་མ་འབད་མི་དང་ ལམ་ལུགས་མེདཔ་ཐལ་མི་ གློག་ཐག་བཙའ་ཆགས་ནི་ དེ་ལས་ ནུས་ཤུགས་ཚུལ་མཐུན་ལག་ལེན་མ་འཐབ་མི་ལུ་བརྟེན་ གློག་ཤུགས་ར་བ་དེ་ འཇོན་ཐངས་ཅན་དང་ ཕན་ནུས་ཅན་སྦེ་ ཕན་ཁྱད་འབྱུང་མ་ཚུགས་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement