༉ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་ཐངས་དང་བསྟུན་ གཞུང་གིས་ ལོ་བསྟར་ལྟ་བཤལཔ་འོང་ནི་གི་ དམིགས་གཏད་དེ་ མར་ཕབ་འབད་ཡོདཔ་ད་ དུས་ཅི་ ལྟ་བཤལཔ་༡༥༠,༠༠༠དང་ སང་ཕོད་ཀྱི་ལོ་ནང་ ལྟ་བཤལཔ་༢༥༠,༠༠༠འི་ དམིགས་གཏད་བསྐྱེདཔ་ཨིན་པས།
འདི་ཡང་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ཡོད་པའི་ དངུལ་འབྲེལ་ལས་ཁུངས་ཀྱིས་ འཕྲལ་ཁམས་ཅིག་ཁར་ པར་སྐྲུན་འབད་མི་ དཔལ་འབྱོར་གནས་སྟངས་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ཨིན་པས།
གཞུང་གིས་ ལོ་བསྟར་དཔྱ་སྙོམས་ ལྟ་བཤལཔ་༣༠༠,༠༠༠ལུ་ ཡར་སེང་འབད་ནི་གི་ ཁས་བླངས་འབད་ཡོདཔ་ད་ དེ་ཡང་ ལྟ་བཤལཔ་བརྒྱ་ཆ་༥༠དེ་ཅིག་ རྒྱལ་ཁབ་གསུམ་པ་ལས་ འོང་ནི་ཨིནམ་ད་ དེ་གིས་ ལྟ་བཤལ་ཚོང་འབྲེལ་ སྒྲིང་སྒྲི་བཟོ་ཚུགས་ནི་ཨིན་པས།
ལོ་བསྟར་གྱི་ དམིགས་གཏད་ཚུ་ བསྐྱར་ཞིབ་འབད་མི་དེ་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མིའི་གྱངས་ཁ་དང་ ལོ་མཇུག་མ་བསྡུ་བའི་ཧེ་མར་ ལྟ་བཤལཔ་འོང་བའི་དུས་ཚོད་ལུ་ དམིགས་གཏད་བརྒྱ་ཆ་༥༠རྐྱངམ་གཅིག་ འགྲུབ་ཚུགས་པའི་ རེ་བ་ལུ་ གཞི་བཞག་སྟེ་ཨིན་པས།
འཕྲལ་ཁམས་ཅིག་ཁར་འཚོགས་མི་ བརྡ་བརྒྱུདཔ་ཚུ་གི་ ཞལ་འཛོམས་སྐབས་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ དམིགས་གཏད་ཚུ་ ག་དེ་མགྱོགས་མགྱོགས་ འགྲུབ་ཚུགས་ནིའི་དོན་ལུ་ རྩ་འགེངས་འོང་ཟེར་ཨིནམ་ད་ ཨིན་རུང་ དུས་ཅི་གི་ལོ་ནང་ འགྲུབ་མི་ཚུགས་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འདས་པའི་ལོ་ནང་ འབྲུག་རྒྱལ་ཁབ་ནང་ ལྟ་བཤལཔ་༡༠༣,༠༠༠ལྷགཔ་ཅིག་འོང་ཡོདཔ་ད་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ལུ་ ལྟ་བཤལཔ་༡༥༠,༠༠༠འོང་ནི་གི་ དམིགས་གཏད་བསྐྱེད་མི་དེ་ བརྒྱ་ཆ་༡༥༠ཡར་སེང་སོང་ཡི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་ལས་ སྤྱི་ཟླ་༨ པ་ཚུན་ ལྟ་བཤལཔ་༩༥,༦༣༣ གྱིས་ རྒྱལ་ཁབ་ནང་ ལྟ་སྐོར་འབད་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ ལྟ་བཤལཔ་འོང་ནི་ མར་བབས་སོང་མི་དེ་ གཙོ་བོ་ར་ ནད་ཡམས་ལུ་བརྟེན་ཨིནམ་ད་ ནད་ཡམས་དེ་གིས་ འབྲུག་བརྩིས་ཏེ་ འཛམ་གླིང་ནང་ ལྟ་བཤལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ གྱངས་ཁ་འདི་ ལྟ་བཤལཔ་འོང་མིའི་གྱངས་ཁ་ལུ་ གཞི་བཞག་སྟེ་ཨིནམ་ད་ ད་རེས་ ལྟ་བཤལཔ་འོང་མིའི་གྱངས་ཁ་དེ་ ད་ལྟོའི་གནས་སྟངས་ནང་ ལེགས་ཤོམ་སོང་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ བློན་པོ་གིས་ རྒྱལ་སྤྱིའི་ནང་ འགྲོ་འགྲུལ་གྱི་ བློ་གཏད་ཡར་དྲག་འགྱོ་བའི་ཤུལ་ལུ་ ཐབས་བྱུས་ཅན་གྱི་ལས་སྣ་ཚུ་ ལག་ལེན་འཐབ་ཚུགས་པ་ཅིན་ འབྲུག་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་༣༠༠,༠༠༠འོང་ནི་གི་ དམིགས་གཏད་འགྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ གཞུང་གིས་ ལྟ་བཤལ་ལས་སྡེ་དེ་ ནད་ཡམས་མ་ཐོན་པའི་གནས་ཚད་ནང་ ལྷོད་ནིའི་དོན་ལུ་ བསྐྱར་བཟོ་དང་ རྩ་བརྟན་བཟོ་ནི་ཨིནམ་ད་ ད་ལྟོ་ ལེགས་བཅོས་འགྱོ་བཞིན་དུ་ཡོདཔ་མ་ཚད་ འབྲུག་ལུ་ དམིགས་བསལ་གྱི་ གོ་སྐབས་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལྟ་བཤལཔ་ཚུ་གི་ ཉམས་མྱོང་ཡར་དྲག་གཏང་ནི་དང་ འབྲུག་རྒྱལ་ཁབ་འདི་ ལྟ་བཤལ་ས་གོ་ངོ་མ་ཅིག་སྦེ་ ཡར་དྲག་གཏང་ནི་ དེ་ལས་ ལྟ་བཤལ་ལས་སྡེ་ནང་ དུས་ཡུན་རིངམོ་སྦེ་ ཡར་དྲག་གཏང་ཚུགས་པའི་སྲིད་བྱུས་ ལག་ལེན་འཐབ་ནི་ཚུ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ དེ་ཡང་ བྱ་རིམ་དང་ལམ་ལུགས་ཚུ་ དྭངས་གསལ་བཟོ་ནི་ དེ་ལས་ ཐོན་སྐྱེད་དང་ཞབས་ཏོག་གསརཔ་ཚུ་ གོང་འཕེལ་གཏང་ནི་ཚུ་ཨིན་མས།
དུས་ཅི་ སྤྱི་ཟླ་༡༢ པ་ལས་འགོ་བཙུགས་ གཞུང་གིས་ ཡུན་བརྟན་གོང་འཕེལ་འཐུས་སྤྲོད་མི་ ལྟ་བཤལཔ་ཚུ་ལུ་ གནམ་གྲུའི་ཟད་འགྲོ་མར་ཕབ་འབད་དེ་ གནམ་དགུན་གྱི་ཟླཝ་༣(སྤྱི་ཟླ་༡༢ པ་ལས་༢ པ་ཚུན་)དང་ གནམ་བྱཱར་གྱི་ཟླཝ་༣(སྤྱི་ཟླ་༦ པ་ལས་༨ པ་ཚུན་)ལུ་ གནམ་གྲུ་ནང་འོང་མི་ ཡར་སེང་འབད་ནིའི་དོན་ལས་ གནམ་གྲུའི་ཟད་འགྲོ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
གཞུང་གིས་ འཆར་གཞི་༡༣ པའི་ནང་ ལྟ་བཤལ་ལས་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༤ ལས་ ཐེར་འབུམ་༡༥ བཟོ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement