༉ གཞུང་གིས་ འཆར་གཞི་༡༣ པའི་ནང་ ཤར་ཕྱོགས་དང་ དབུས་ཕྱོགས་ དེ་ལས་ ལྷོ་ཕྱོགས་ལུང་ཕྱོགས་ཚུ་གི་བར་ན་ འཁོར་ལམ་མཐུད་སྦྲེལ་ཡར་དྲག་གཏང་ཐབས་ལུ་ རྫོང་ཁག་ནང་འཁོད་ཀྱི་ འཁོར་ལམ་ལས་འགུལ་སྦོམ་༢ ལུ་ གཙོ་རིམ་བཟུང་ནི་ཨིན་པས།
གཞལམ་སྒང་ལས་ བུམ་ཐང་དང་ མོང་སྒར་རྫོང་ཁག་གི་བར་ན་ མཐུད་སྦྲེལ་འབད་ནི་གི་ འཁོར་ལམ་བསལ་ནི་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཕྱིས་སོ་རུང་ ད་རེས་ གཞུང་གིས་ གཙོ་རིམ་བཟུང་སྟེ་ཡོདཔ་ཨིན་པས།
ཀི་ལོ་མི་ཊར་༣༢ ཀྱིས་ གཞལམ་སྒང་བར་དོ་རྒེད་འོག་ ཁོམས་ཤར་དང་ མོང་སྒར་སི་ལམ་སྦིས་རྒེད་འོག་ ཝ་མ་དང་ མཐུད་སྦྲེལ་འབད་ནི་དང་ ཀི་ལོ་མི་ཊར་༥༠ འབད་མི་གིས་ ཤིང་མཁར་ལས་ བུམ་ཐང་ ཨུ་ར་དང་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་པས།
འཁོར་ལམ་དེ་ཚུ་ མཐུད་སྦྲེལ་འབད་ཚུགས་པ་ཅིན་ རྒྱུན་འགྲུལ་ལམ་ཐག་ མར་ཕབ་འབད་དེ་ འགྲོ་འགྲུལ་གྱི་ གོ་སྐབས་ཡང་ ཡར་དྲག་གཏང་ཚུགས་ནི་ཨིན་པས།
ད་ལྟོའི་ རྩིས་ལོ་ནང་ གཞུང་གིས་ ལས་འགུལ་༢ ལུ་ འཆར་དངུལ་དངུལ་བཀྲམ་ས་ཡ་༢༠༠ བགོ་བཀྲམ་འབད་ནི་ལུ་ མ་དངུལ་འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ད་ ཨིན་རུང་ འགོ་དཔོན་ཚུ་གིས་ འཆར་དངུལ་དེ་ཚུ་གིས་ བཟོ་སྐྲུན་ག་ར་ ཁྱབ་མི་ཚུགས་ཟེར་ཨིན་པས།
ད་རེས་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ ལམ་གྱི་ཕྲང་སྒྲིག་གི་ འོས་འབབ་བརྟག་ཞིབ་ འབད་དོ་ཡོདཔ་ད་ སྙན་ཞུ་ཚུ་ རྩིས་ལོ་༢༠༢༤ ལས་༢༥ གི་བར་ན་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་དར་བྷ་དུར་དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ འཁོར་ལམ་༢ ཆ་རའི་དོན་ལུ་ ཁ་གསལ་འོས་འབབ་བརྟག་ཞིབ་ འགོ་འདྲེན་འཐབ་ནིའི་དོན་ལས་ རྩིས་ལོ་༢༠༢༥-༢༦ ལུ་ འཆར་དངུལ་གྱི་ གྲོས་འཆར་བཙུགས་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྟག་ཞིབ་དེ་ཡང་ མཁས་མཆོག་མ་འདྲཝ་ཚུ་ འབྲེལ་གཏོགས་འབད་དེ་ འགོ་འདྲེན་འཐབ་ནི་ཨིནམ་ད་ ཁ་གསལ་འོས་འབབ་བརྟག་ཞིབ་ལུ་བརྟེན་ སྤུས་ཚད་དང་ ལས་འགུལ་ཚུ་ དུས་ཚོད་ཁར་ ལག་ལེན་འཐབ་ནི་ལུ་ ལམ་སྟོན་འབད་འོང་ཟེར་ཨིན་པས།
ས་ཆའི་འཕྲུལ་རིག་དང་ ས་ཆའི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དེ་ བཟོ་སྐྲུན་འབད་མི་ལམ་ཚུ་ ཐུབ་ཚད་ཆེཝ་སྦེ་ འགྱོ་དོ་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ བཟོ་བཀོད་ཀྱི་དོན་ལུ་ ས་ཆའི་གནས་སྟངས་ཀྱི་ བརྟག་ཞིབ་ཁ་གསལ་ཅིག་ འབད་མ་ཚུགས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
སྔོན་འགྲོའི་ལཱ་ ས་ཁྲ་ཕྲང་སྒྲིག་གདམ་ཁ་བརྟག་ཞིབ་དང་ ཨུ་ར་-ཤིང་མཁར་འཁོར་ལམ་གྱི་དོན་ལུ་ ས་གནས་གཞུང་དང་གཅིག་ཁར་ གྲོས་བསྟུན་ དེ་ལས་ ཁོམས་ཤར་-ཝ་མའི་ འཁོར་ལྟེ་བའི་བརྟག་ཞིབ་གཏན་འཁེལ་དེ་ མཇུག་བསྡུ་སྟེ་ ཡོདཔ་ཨིན་པས།
འཁོར་ལམ་ཚུ་ བསལ་ནིའི་འཆར་གཞི་དེ་ འཆར་གཞི་༡༡ པ་ལས་ར་ཡོདཔ་ད་ ཁོམས་ཤར་-ཝ་མ་བར་ནའི་ འཁོར་ལམ་བསལ་ནི་དེ་ འཆར་གཞི་༡༡ པ་ མཇུག་བསྡུ་ཁམས་ལས་ འགོ་བཙུགས་ཡོད་རུང་ འཆར་གཞི་༡༢ པའི་ནང་ ཕུམ་ཆུང་ལས་ ཐམ་ཐ་གླིང་གཡུས་ཚན་ཚུན་ ཀི་ལོ་མི་ཊར་༣ དེ་ཅིག་ སེལ་བའི་ཤུལ་ལས་ ཀོ་བིཌ་-༡༩ ལུ་བརྟེན་ འཕྲོ་མཐུད་བསལ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཡུན་བརྟན་དང་ ཐུབ་ཚད་ཅན་གྱི་ལམ་ཚུ་ ངེས་གཏན་བཟོ་ཐབས་ལུ་ ལྷན་ཁག་གིས་ ཝ་མ་- ཁོམ་ཤར་དང་ བར་དོ་༢ ཆ་ར་ མཐུད་སྦྲེལ་འབད་ནིའི་དོན་ལུ་ ཕྲང་སྒྲིག་ལེགས་ཤོམ་ཅིག་གི་ གྲོས་འཆར་བཀོད་ནི་ཨིནམ་ད་ དེ་༢ ཆ་ར་ འོས་འབབ་ཅན་གྱི་གདམ་ཁ་ཅིག་ཨིན་པས།
འཁོར་ལམ་གྱི་རིང་ཚད་དེ་ ངོས་ལེན་འབད་དགོཔ་ ཁག་ཆེ་ནི་ཨིན་རུང་ ཐག་གཅད་དགོཔ་དེ་རྐྱངམ་གཅིག་མེནམ་ད་ འཁོར་ལམ་རྒྱུན་བརྟན་དང་ མི་སྡེ་ཁེ་ཕན་དང་ དཔལ་འབྱོར་འོས་འབབ་ཚུ་ཡང་ ལེགས་ཤོམ་བལྟ་དགོ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འཁོར་ལམ་ས་གཅད་དེ་ འགོ་ཐོག་ར་ རྒྱལ་ཡོངས་གཞུང་ལམ་༢ པ་སྦེ་ སེལ་ནི་ཨིནམ་ད་ འཁོར་ལམ་ཁ་ཐོག་ལུ་ རྫོང་ཁག་འཁོར་ལམ་གྱི་ གནས་ཚད་ལས་ དམའ་སུ་སྦེ་ རྐྱབ་ནི་ཨིནམ་ལས་ སྣུམ་འཁོར་ལེ་ཤ་སྦེ་ རྒྱུན་འགྲུལ་མ་འཐབ་མི་ འོས་འབབ་ལྡན་ཏོག་ཏོ་ཅིག་ འོང་ནི་ཨིན་པས།སྦྲེལ་
འཁོར་ལམ་ཚུ་ བསལ་ཚར་བའི་ཤུལ་ལས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ནང་ འགྱོ་ནི་ལུ་ཡང་ འཁོར་ལམ་དང་ དུས་ཚོད་ཐུང་ཀུ་ འགྱོ་ནི་ཨིན་པས།
འཁོར་ལམ་དེ་ ཁོམས་ཤར་- པཱན་ཏང་བར་ན་ མཐུད་སྦྲེལ་འབད་དེ་ཡོདཔ་ད་ ལྷག་པར་དུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ལས་འགུལ་གྱི་ ཡན་ལག་བཟུམ་ཅིག་སྦེ་ པཱན་བང་ལས་ དགེ་ལེགས་ཕུག་བར་ནའི་ འཁོར་ལམ་མཐུད་འབྲེལ་ ཡར་དྲག་གཏང་ནི་ཨིན་པས།
ཞབས་ཏོག་བློན་པོ་གིས་ སླབ་མིའི་ནང་ ལྷན་ཁག་གི་ འཆར་གཞི་མང་ཤོས་ར་ དམིགས་བསལ་དུ་ སྐྱེལ་འདྲེན་ལས་འགུལ་ཚུ་ མི་སྡེ་དཔལ་འབྱོར་གོང་འཕེལ་འདྲ་མཉམ་སྦེ་ གཏང་ཐབས་ལུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་དང་ མཐུད་སྦྲེལ་ལྷན་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
ད་རེས་ བུམ་ཐང་ ཡང་ཅིན་ ཤར་ཕྱོགས་ཀྱི་མི་སེར་ཚུ་ དགེ་ལེགས་ཕུག་ལུ་འགྱོ་དགོ་པ་ཅིན་ ཀྲོང་གསར་ལས་བརྒྱུད་དེ་ ཀི་ལོ་མི་ཊར་༢༦༠ ས་གནས་ཁར་ འོང་དགོཔ་ད་ ད་ལྟོ་ཡོད་པའི་ ནང་འཁོད་ཀྱི་འཁོར་ལམ་ པཱན་བང་བརྒྱུད་དེ་ ངང་ལམ་ལས་ དགེ་ལེགས་ཕུག་ལུ་ འགྱོ་དགོ་པ་ཅིན་ ཀི་ལོ་མི་ཊར་༢༤༠ ཡོདཔ་ཨིན་པས།
ཁོམས་ཤར་ཚོགས་པ་ རྡོ་རྗེ་ལས་འཕྲོ་གིས་ སླབ་མིའི་ནང་ ཧེ་མ་ལས་ བསྒུགས་སྡོད་མི་ ནང་འཁོད་རྫོང་ཁག་འཁོར་ལམ་དེ་ སེལ་བ་ཅིན་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་ནི་པའི་ཁར་ མོང་སྒར་སྨན་ཁང་ནང་ཡང་ འཇམ་ཏོང་ཏོ་འགྱོ་ནི་མ་ཚད་ ལོག་ཁྱིམ་ནང་ འགྱོ་ཚུགས་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ འོད་སྦིས་ལབ་རྩ་དང་ དགེ་ལེགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ འགྱོ་བའི་སྐབས་ ཟད་འགྲོ་ལྕི་དྲགས་དོ་ཡོདཔ་ལས་ འཁོར་ལམ་ཚུ་ སེལ་གནང་པ་ཅིན་ ཕན་རླབས་སྦོམ་སྦེ་ར་ ཆེ་ནི་མས་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
ཤིང་མཁར་ཚོགས་པ་ ངག་དབང་ཀུན་དགའ་གིས་ སླབ་མིའི་ནང་ ཐད་ཀར་དུ་ རྫོང་ཁག་གཞན་ཚུ་དང་ མཐུད་འབྲེལ་འབད་ཚུགས་པ་ཅིན་ དཔལ་འབྱོར་དང་ གྲོང་གསེབ་འཚོ་བའི་ གནས་སྟངས་ཚུ་ཡང་ ཡར་དྲག་གཏང་ཚུགས་ནི་དང་ འཁོར་ལམ་ལེགས་ཤོམ་ཡོད་པ་ཅིན་ མ་རྩ་གཞི་བཙུགས་འབད་ནི་ལུ་ སེམས་ཤུགས་དང་ གོང་འཕེལ་གཏང་ཚུགས་ནི་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ བཤད་མིའི་ནང་ འཁོར་ལམ་དེ་ ལས་འགུལ་ཆེ་བ་ཚུ་དང་ རིམ་སྒྲིག་འབད་དགོ་པའི་ཁར་ འཁོར་ལམ་སེལ་ཚར་བའི་ཤུལ་ལས་ གཏན་འཇགས་ཐོག་ལས་ རྒྱུན་སྐྱོང་འཐབ་དགོ་ཟེར་ཨིན་པས།
ཁོམས་ཤར་ལས་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ གཞལམ་སྒང་གི་ སོ་ནམ་ཞིང་ལམ་ མང་ཤོས་ཅིག་ གནམ་བྱཱར་སྐབས་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐལ་དོ་ཡོདཔ་ད་ གཞུང་ལས་ རྒྱབ་སྐྱོར་འབད་མ་ཚུགས་པ་ཅིན་ གནས་སྟངས་དེ་ ཐོན་བཞིན་སྡོདཔ་མས་ཟེར་ཨིན་པས།
ནང་འཁོད་རྫོང་ཁག་གི་འཁོར་ལམ་ཚུ་ འབྲུག་འཁོར་ལམ་འཆར་གཞི་ཨམ་༢༠༠༧-༢༧ གྱི་ ཡན་ལག་ཅིག་ཨིནམ་བཞིན་དུ་ རྫོང་ཁག་དང་ རྫོང་ཁག་གི་མཐུད་སྦྲེལ་ ཡར་དྲག་གཏང་ནི་ལུ་དམིགས་ཏེ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement