༉ གཞུང་གིས་ ད་ལས་ཕར་ སོ་ནམ་ལས་སྡེ་ནང་ ཕྱིའི་མ་རྩ་ཐད་ཀར་གཞི་བཙུགས་ འབད་ནི་ལུ་ གཙོ་རིམ་ཅན་སྦེ་ ངོས་ལེན་འབད་དེ་ འབྲུག་ལུ་ཚོང་འབྲེལ་ཚུ་ གྲ་སྒྲིག་འབད་ནི་ཨིན་པས།
འབྲུག་དེ་ ཚོ་འབྲེལ་གྱི་སྲིད་བྱུས་ལུ་ གུས་ཞབས་ཅན་ཅིག་ཨིནམ་ལས་ ཚོང་འབྲེལ་དེ་ སྒོ་ཕྱེ་ནི་ལུ་ ངོས་ལེན་འབད་བའི་ཁར་ རྒྱལ་ཁབ་ཀྱིས་ ཡུན་རིང་གི་ཐོག་ལུ་ མི་སེར་གྱི་མཐའ་དོན་ལུ་ ཡུན་བརྟན་དང་ ཞི་བདེ་ དེ་ལས་ ཁྱད་དུ་འཕགས་པའི་ གོ་སྐབས་ཚུ་ལུ་ དམིགས་ཡུལ་བསྐྱེད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ གི་ འབྲུག་སོ་ནམ་ཟ་ཆས་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ འགོ་འབྱེད་འབད་བའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལས་མི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ འབྲུག་ལུ་ སོ་ནམ་ཟ་ཆས་ལམ་ལུགས་གཞི་སྒྱུར་ནང་ མ་རྩ་བཙུགས་པའི་ སྲིད་བྱུས་ཡོད་ལུགས་ཚུ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འབྲུག་གིས་ ཚོང་འབྲེལ་ཐབས་ལམ་སྲིད་བྱུས་ཐོག་ལས་ གནས་སྟངས་ཚུ་ ཚོང་འབྲེལ་གྱི་ ཆ་རོགས་རྐྱངམ་གཅིག་མེན་པར་ ཡུན་བརྟན་དང་ བཟའ་སྤྱོད་བྱ་རིམ་ཐོག་ལུ་ གཙོ་རིམ་བསྒྲིག་ནི་ཨིན་ཟེར་ཨིན་པས།
བློན་པོ་གིས་ གཞུང་གིས་ མགྱོགས་པ་ར་ ད་ལྟོ་ གཞི་བསྒྱུར་གྱི་ལཱ་འབད་བའི་བསྒང་ཡོད་མི་ ཕྱིའི་མ་རྩ་གཞི་བཙུགས་སྲིད་བྱུས་ སྒྱུར་བཅོས་འབད་མི་དེ་ གསལ་བསྒྲགས་འབད་འོང་ཟེར་ཨིན་པས།
ཕྱིའི་མ་རྩ་གཞི་བཙུགས་ཀྱི་སྲིད་བྱུས་ བསྐྱར་ཞིབ་འབད་མི་གིས་ ག་ནི་བ་དགོས་མཁོ་ཅན་གྱི་ དཔེ་དོན་དང་ གནས་སྟངས་ནང་ མ་རྩ་གཞི་བཙུགས་རྒྱ་སྐྱེད་ དེ་ལས་ མ་རྩ་གཞི་བཙུགས་འབད་མི་ལུ་ དགོས་མཁོ་དང་ལྡནམ་སྦེ་ འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ལོ་༢༠༢༩ གི་ནང་འཁོད་ལུ་ ད་ལྟོ་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཐེར་འབུམ་༦༠ ལས་ཐེར་འབུམ་༡༠༠ ལུ་ བཀལ་ནིའི་དམིགས་ཡུལ་ཡོདཔ་ཨིན་པས།
སོ་ནམ་ཟ་ཆས་ལམ་ལུགས་ནང་ མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་གསལ་སྟོན་འབདཝ་ད་འབྲེལ་ བློན་པོ་གིས་ བཤད་མིའི་ནང་ གཞུང་གིས་ ཕྱིའི་མ་རྩ་བཙུགས་མི་ བརྒྱ་ཆ་ལས་ བརྒྱ་སྦེ་ར་གཞི་བཙུགས་འབད་ཆོག་པའི་ གྲོས་འཆར་བཀོད་དོ་ཡོདཔ་ད་ ཕྱིའི་མ་རྩ་བཙུགས་མི་ཚུ་གིས་ སོ་ནམ་སྡེ་ཚན་ནང་ ནང་འཁོད་ཀྱི་ ཆ་རོགས་མེད་པར་ ཐད་ཀར་དུ་ གཞི་བཙུགས་འབད་ཆོགཔ་ བཟོ་ནི་ཨིན་ཟེར་ཨིན་པས།
འདས་པའི་རིང་ལུ་འབད་བ་ཅིན་ ཕྱིའི་མ་རྩི་བཙུགས་མི་ཚུ་ལུ་ བརྒྱ་ཆ་༧༤ མ་གཏོགས་ མི་ཆོག་དོ་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ སོ་ནམ་ལས་སྡེ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ གོ་སྐབས་ཐེབས་ར་བྱིན་ཏེ་ ཡོད་ཟེར་ཨིནམ་ད་ མ་རྩ་བཙུགས་ནི་དེ་ ལོ་ཐོག་བསྡུ་གསོག་དང་ སོ་ནམ་ཐོན་སྐྱེན་གཉིས་ཆ་ར་ནང་ འབད་ཆོག་ནི་དང་ སྡེ་ཚན་དེ་ ལོ་བསྟར་ཁེ་འཐུས་མཐོ་ཤོས་ཐོབ་མི་སྦེ་ ངོས་འཛིན་འབད་དོ་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ ས་ཆ་དང་འབྲེལ་བའི་གོ་སྐབས་ཚུ་ ཡངས་སུ་ཅིག་དང་ དམིགས་བསལ་གྱི་ སོ་ནམ་ཟ་ཆས་སྡེ་ཚན་ནང་ འབད་ནི་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
དེ་ཁར་ ས་ཆ་གླར་སྤྱོད་གནས་ཡུན་རིངམོ་སྦེ་དང་ ས་ཆ་ཚུ་ ཡུན་རིང་གི་ཐོག་ལུ་ ལག་ལེན་འཐབ་སྟེ་ འབད་ནི་ཨིན་མི་ལུ་ བལྟ་དོ་ཡོདཔ་ཨིན་པས།
ནང་འཁོད་ཀྱི་ཁྱད་རིག་ལྡན་མི་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ ཕྱིའི་མ་རྩ་བཙུགས་མི་ཚུ་ལུ་ གདོང་ལེན་ཚུ་ མི་འབྱུང་ནི་དང་ གཞུང་གི་ཁ་ཐུག་ལས་ ཕྱིའི་ལས་མི་བཙུགས་ནི་ཚུ་ཡང་ སྒྲིག་གཞི་ཡངས་སུ་སྦེ་ བྱིན་ནི་ཨིན་ཟེར་ཨིན་པས།
ཕྱིའི་མ་རྩ་བཙུགས་མི་ཚུ་ལུ་ སྡོད་གནས་ཤོག་བྱང་ཚུ་ སྤྲོད་ཐོག་ལས་ རྒྱལ་ཁབ་ནང་ སྡོད་ཆོག་པའི་དབང་ཆ་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ གཉིས་ཡོདཔ་ད་ དེ་ཡང་ གངས་རི་ཧ་ཛལ་ནཱཊ་ལས་སྡེ་གིས་ ཤར་ཕྱོགས་ཁ་ཐུག་ལས་ འགོ་བཙུགས་ཡོདཔ་ད་ དེ་གིས་ ད་རེས་འབདཝ་ད་ རྫོང་ཁག་༡༩ འི་ནང་ སོ་ནམ་པ་ཆུང་བ་༨,༠༠༠ དེ་ཅིག་ རྒྱ་སྐྱེད་འབད་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལས་སྡེ་ཚུ་གིས་ འབྲུག་གི་གཞན་དང་མ་འདྲ་བའི་ སོ་ནམ་ལཱ་ཚུ་ནང་ གྲལ་གཏོགས་འབད་ཡི་ཟེར་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།