༉ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ བསྐྱར་ཞིབ་འབད་བའི་ཤུལ་ལུ་ གཞུང་གིས་ རྒྱལ་ཁབ་ནང་ཡོད་པའི་ སྣུམ་འཁོར་ཚོང་ལས་འཐབ་མི་༣༨ ཡོད་ས་ལས་༡༡ ལུ་ ཚོང་མགྲོན་པ་༤,༣༤༥ ལུ་ སྔོ་ལྗང་གི་ཁྲལ་ ཐེབས་བཀལ་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༣༠.༩ ལོག་སྤྲོད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ སྣུམའ་ཁོར་ཚོང་ལས་འཐབ་མི་ཚུ་དང་གཅིག་ཁར་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་དང་ དངུལ་རྩིས་བློན་པོ་ དེ་ལས་ འགོ་དཔོན་ཚུ་གིས་ གྲོས་བསྡུར་འབད་ཡོདཔ་ད་ དེ་ཡང་ ཚོང་མགྲོན་པ་ཚུ་ལུ་ ཚོང་འབྲེལ་འཐབ་པའི་སྐབས་སུ་ ཁྲལ་གྱི་གནས་ཚད་ཚུ་ དྭངས་གསལ་ཅན་སྦེ་ གོང་ཚད་རན་ཏོག་ཏོ་ཐོག་ བཀལ་དགོ་པའི་ གྲོས་བསྟུན་ཚུ་ འབད་ཡོདཔ་ཨིན་པས།
སྣུམ་འཁོར་ཀཱར་ འཕྲུལ་ཆས་ཀྱི་ཤུགས་ཚད་ སི་སི་༡,༨༠༠ དང་ དེ་གི་འོག་རྒྱུ་འབད་མི་དང་ འགྲུལ་སྐྱེལ་བཱསི་ མི་མང་སྐྱེར་འདྲེན་གྱི་དོན་ལུ་ ལག་ལེན་འཐབ་མི་ དེ་ལས་ གྲོང་གསེབ་འཁོར་ལམ་ཚུ་ནང་ དགོས་མཁོའི་་སྣུམ་འཁོར་ལག་ལེན་འཐབ་མི་ དེ་ཡང་ སྣུམ་འཁོར་ པིག་ཨཔསི་དང་ ཊག་ཚུ་ལུ་ ཁྲལ་རིགས་བརྒྱ་ཆ་༥ རེ་ཕོག་དོ་ཡོདཔ་ཨིན་པས།
སྣུམ་འཁོར་ཚོང་ལས་འཐབ་མི་ཚུ་གི་ ངེས་ཏིག་གི་ཁྲལ་རིགས་ལས་ལྷག་སྟེ་ སྣུམ་འཁོར་ཉོ་མི་ཚུ་ལུ་ ཁྲལ་བཀལ་ཡོད་རུང་ གཞུང་ལུ་ཁྲལ་ཚུ་ ཉུང་སུ་སྦེ་སྤྲོད་དེ་ ཡོད་པའི་སྔོན་གསལ་བྱུང་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱིར་བཏང་ཚོང་འབྲེལ་འཐབ་མི་ཚུ་གིས་ ཁེ་སང་བཟོ་དགོཔ་ཨིན་རུང་ སྣུམ་འཁོར་གྱི་གོང་ཚད་དེ་ ཚད་སྙོམས་ཅན་གྱི་ཐོག་ལུ་ བཞག་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།
གློག་མེ་ནུས་ཤུགས་འགྲུལ་འཁོར་ཚུ་ལུ་ སྔོ་ལྗང་གི་ཁྲལ་ མ་ཕོགཔ་སྦེ་ཡོདཔ་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་གྱི་བཙོང་ཁྲལ་ཚུ་ སྤྱི་ལོ་༢༠༡༩ དང་ སྤྱི་ལོ་༢༠༢༤ ཟླ་༡༡ པ་ཚུན་ལུ་ བསྐྱར་ཞིབ་ཚུ་འབད་ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ལོ་༢༠༢༤ ཟླ་༨ པའི་ནང་ལས་ སྣུམ་འཁོར་ནང་འདྲེན་ ཡངས་ཆག་བཏང་པའི་ཤུལ་ལུ་ བར་འཛུལ་ཐོག་ བསྐྱར་ཞིབ་ཚུ་རྒྱ་ཆེཝ་སྦེ་ར་ འབད་ཡོདཔ་ཨིན་པས།
ལོ་གཉིས་ཀྱི་རིང་ སྣུམ་འཁོར་ནང་འདྲེན་བཀག་དམ་འབད་བའི་ཤུལ་ལུ་ སྣུམ་འཁོར་ཁྲལ་ཚུ་ སྒྱུར་བཅོས་སྦོམ་ར་སོང་ཡོདཔ་ད་ གོང་ཚད་ཚུ་ཡང་ ཡར་སེང་སོང་བའི་ཁར་ དམིགས་བསལ་གྱི་ སྣུམ་འཁོར་ཆུང་བ་ སི་སི་༡,༢༠༠ འབད་མི་ཚུ་ གོང་ཚད་ཡར་སེང་ སོང་ཡོདཔ་སྦེ་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ བཤད་མིའི་ནང་ ལས་སྡེ་ཚུ་གིས་ ཚོང་མགྲོན་པ་ཚུ་ལུ་ གོང་ཚད་ཉུ་སུ་སྦེ་ བཀལ་དགོ་མི་དེ་ཡང་ ཁོང་གིས་ གཞུང་ལུ་ སྔོ་ལྗང་གི་ཁྲལ་ཚུ་ ངེས་བདེན་སྤྲོད་བཞིན་དུ་ ཡོད་ཟེར་ཨིན་པས།
གཞུང་གིས་ ད་རུང་འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ མི་མང་ལུ་ བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ གནད་དོན་འདི་གི་སྐོར་ལས་ གསལ་བསྒྲགས་ཚུ་འབད་དགོཔ་སྦེ་ བཀའ་གནང་པའི་ཁར་ དམིགས་བསལ་གྱི་ཚོང་མགྲོན་པ་ ཁྲལ་ཐེབས་སྤྲོད་མི་ཚུ་ལུ་ གོ་བརྡ་སྤེལ་དགོཔ་སྦེ་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༥ ཟླ་༢ པའི་ཚེས་༢༨ ཀྱི་ནང་འཁོད་ལུ་ དངུལ་ལོག་སྤྲོད་པའི་སྙན་ཞུ་ཁ་གསལ་ཚུ་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཚོང་ལས་འཐབ་མི་ཚུ་ལུ་ གཞུང་དང་གཅིག་ཁར་ ཁྲལ་གྱི་གནད་དོན་ཚུ་ཡོད་པ་ཅིན་ དུས་ཡུན་ཟླཝ་ཅིག་གི་ནང་འཁོད་ལུ་ དྭངས་གསལ་བཟོ་དགོཔ་སྦེ་ གསུངས་པའི་ཁར་ འདི་དང་ཅོག་འཐདཔ་སྦེ་ གཞུང་གི་ཁ་ཐུག་ལས་འབད་རུང་ ཁྲལ་རྩིས་རྙོག་ལུ་བརྟེན་ ཚོང་ལས་འཐབ་མི་ཚུ་ལུ་ ལོག་སྤྲོད་དགོཔ་ཡོད་པ་ཅིན་ དེ་ཚུ་ཡང་ རྒྱབ་རྟེན་ཡིག་ཆ་ཚང་སྒྲིག་བཙུགས་ཐོག་ལས་ འཛིན་གྲོལ་འབད་ནི་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ འདི་བཟུམ་གྱི་ བྱ་ལས་འཐབ་མི་ཚུ་ ཡང་བསྐྱར་དུ་ཐོནམ་འདྲཝ་འབད་བ་ཅིན་ འབྲུག་གི་ཁྲལ་རིགས་བཅའ་ཁྲིམས་དང་འཁྲིལ་ ཉེས་ཆད་སྦོམ་སྦེ་བཀལ་ནི་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཉེས་རྒྱ་ཕོག་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement