༉ སྤྱི་ཟླ་༩ པའི་ཚེས་༢༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་སྦེ་ སྤྲུལ་སྐུ་ཀུན་དགའ་བསྟན་འཛིན་ལུ་ གཟེངས་བསྟོད་ཀྱི་ བཀྲ་ཤིས་ལེགས་དར་གནང་ཡོདཔ་ཨིན་པས།
དེ་ཡང་ དགུང་ལོ་༣༩ བཞེས་མི་ སྤྲུལ་སྐུ་ཀུན་དགའ་བསྟན་འཛིན་གྱིས་ སྤྱི་ལོ་༡༩༨༥ རང་ཟླ་༡༡ པའི་ཚེས་༡༥ ལུ་ སྤུངས་ཐང་ཆ་འདུས་ དགོན་ཤར་རི་རྒེད་འོག་ ཆོས་རྗེ་འབྲུག་པའི་གདན་ས་ཡུལ་གསར་འོབས་མཚོའི་གདུང་བརྒྱུད་དུ་སྐུ་འཁྲུངས་ནུག། སྐུ་ཆུང་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་ཤེས་རབ་ཀྱི་རྩལ་ཁ་ཕུལ་དུ་ཕྱིན་པའི་སྙན་གྲགས་ཕྱོགས་བཅུར་ཀུན་ཏུ་ཁྱབ།
དགུང་ལོ་༧ ལས་ དཔལ་ལྡན་འབྲུག་པའི་ཆོས་སྡེར་ཞུགས་ནས་ཞིང་གཤེགས་མ་གཟིམ་སྐུ་བགྲེས་བྱ་རྒོད་(བློ་གྲོས་སེང་གེ)ལས་འབྲི་ཀློག་ཡོན་ཏན་ཀུན་གྱི་གཞི་མ་ཀ་ཁ་ནས་བཟུང་དཔལ་ལྡན་འབྲུག་པའི་ལུགས་ཀྱི་འདོན་ཆའི་རིགས་མཐའ་དག་ཐུགས་སུ་ཆུད་པར་མཛད་དེ་བུ་ཆོས་གར་ཐིག་དབྱངས་གསུམ་ལ་སྦྱངས་པ་ཕུལ་ཕྱིན་གནང་ནས་རྒན་གཞོན་བར་མ་ཀུན་གྱི་ཡོད་སྨོན་ཤོར་བའི་གཞི་རུ་འགྱུར་ནུག
དགུང་ལོ་༡༢ ལས་བཟུང་ བསེ་བ་ལ་བཤད་གྲྭ་ཐོག་མར་འཛུགས་དུས་བཤད་གྲྭ་རུ་ཞུགས་ཏེ་ དག་ཡིག་ངག་སྒྲོན་ནས་བཟུང་དབུ་མའི་གཞུང་ལ་སྦྱངས་བརྩོན་གནང་། དགུང་ལོ་༡༧ ལུ་རྟ་མགོ་མཐོ་རིམ་བཤད་གྲྭ་ནང་བྱོན་ཏེ་མངོན་པ་གོང་འོག་ལུ་སྦྱངས་བརྩོན་གནང་ནུག། དགུང་ལོ་༢༠ ལ་རྒྱ་གར་ལྷོ་ཕྱོགས་མཻ་སོར་བྱོན་ཏེ་གཞུང་ཆེན་སྤྱི་དང་ལྷག་པར་ཚད་མའི་གཞུང་ལ་སྦྱངས་བརྩོན་གནང་ནུག
སླར་དཔལ་ལྡན་འབྲུག་པའི་གདན་ས་ སྤ་གྲོ་གསང་ཆེན་ཆོས་འཁོར་དུ་བྱོན་ཏེ་ལེགས་བཤད་པའི་འགན་འཁུར་དང་རིག་གཞུང་སློབ་དཔོན་གྱི་འཛིན་གྲྭ་སྟབས་ཅིག་ཏུ་བགྲོད་དེ་རིག་གཞུང་སློབ་དཔོན་གྱི་ཕྱག་འཁྱེར་བཞེས་གནང་། དེ་ལས་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་དང་རྡོར་སློབ་སྐུ་བགྲེས་ངག་དབང་བསྟན་འཛིན་གྱི་ཞབས་ས་ལས་དཔལ་ལྡན་འབྲུག་པའི་ལུགས་ཀྱི་བསྐྱེད་རིམ་ལྷ་དགུ་དང་རྫོགས་རིམ་ཟབ་ཁྲིད་བཀའ་རྒྱ་ཅན་ལྔའི་ཆོས་འཁོར་ཡོངས་རྫོགས་དང་རྫོགས་ཆེན་གྱི་ཆོས་སྐོར་སོགས་གསན་ཏེ་ལྕགས་རི་དང་སྤ་རོ་ཟུར་རི་དགོན་པ་འབྲངས་རྒྱས་དགོན་པ་རྣམས་སུ་ལོ་གསུམ་ཕྱོགས་གསུམ་དང་བསྙེན་མཚམས་གནང་ནུག
དེ་ལས་ ཕུན་གླིང་འབྲུག་རྣམ་རྒྱལ་ཆོས་གླིང་དགོན་འཛིན་གྲྭ་ཚང་ནང་རིག་གཞུང་གི་སྐོར་བཤད་ཁྲིད་གནང་། ༢༠༡༤ ལུ་ མཚོ་གླིང་ཐཱའི་ཝཱན་དུ་ཕེབས་ནས་རྒྱ་སྐད་སློབ་སྦྱོང་མཐིལ་ཕྱིན་གནང་ནས་རྒྱ་སྐད་ཀྱི་ཐོག་ཏུ་ཆོས་བཤད་གནང་། ཏའི་ཝཱན་དུ་འབྲུག་ནཱ་རོའི་བུ་བརྒྱུད་ཆོས་ཚོགས་དང་འབྲུག་རྟེན་འབྲེལ་ཆོས་འཁོར་ཆོས་ཚོགས་གཉིས་གཞི་བཙུགས་མཛད་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དཔལ་ལྡན་འབྲུག་པའི་བསྟན་པ་ཕྱོགས་མཐར་སྤེལ་བའི་བྱས་རྗེས་བཟང་པོ་ཀུན་གྱི་མཐོང་ཆོས་སུ་གྱུར་པར་བརྟེན་༢༠༢༡ ལ་འབྲུག་གཞུང་གྲྭ་ཚང་ཆེན་མོ་ནས་གཟེངས་བསྟོད་སྟོད་རྒྱན་འཇིམ་གྱི་ལེགས་དར་བཞེས་ནུག
སྤྱི་ལོ་༢༠༢༤ ཚེས་པ་དང་བསྟུན་བདག་ཅག་གི་སྟོན་པ་སངས་རྒྱས་པའི་གནས་འཛམ་གླིང་ས་ཡི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་སྤྱན་སྔར་འབྲུག་པ་དཀར་བརྒྱུད་ཀྱི་སྨོན་ལམ་ཆེན་མོ་ཐེངས་དང་པ་ གཞི་བཙུགས་མཛད་ནུག སིངྒ་པུར་དང་ ཏའི་ཝཱན་གཙོ་བོར་གྱུར་པའི་ རྒྱལ་ཁབ་ཕྱི་ནང་གཉིས་སུ་དེང་དུས་ཀྱི་གནས་བབས་དང་བསྟུན་པའི་ནང་ཆོས་ཁྱབ་སྤེལ་གནང་བའི་མཛད་རྣམ་ནི་བརྗོད་ཀྱི་མི་ལང་། ད་རེས་ མངའ་བདག་རིན་པོ་ཆེའི་ཞབས་ནས་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ཨ་ནེ་མཐོ་རིམ་བཤད་གྲྭའི་ ལྟ་རྟོག་པའི་འགན་འཁུར་བཀའ་ཤོག་དང་བཅས་གནང་འདུག་པའི་གནས་ཚུལ།

Advertisement