༉ ཨ་ལུ་ཚུ་ལུ་ གཟུགས་ཐོག་ཉེས་ཁྲིམས་ བཀལ་ནི་མེདཔ་སྦེ་ བཟོ་ནི་ཨིན་མི་ལུ་ ཁྲིམས་ཧིང་སངས་ས་ཅིག་བཟོ་དགོཔ་ད་ དེ་ཡང་ ཕམ་དང་ སློབ་དཔོན་ དེ་ལས་ བདག་འཛིན་པ་ཚུ་གིས་ གཟུགས་ཐོག་ཉེས་ཁྲིམས་བཀལ་ཏེ་ སྒྲིག་བཙུགས་ནི་དེ་གིས་ཨིན་པས།
གནད་དོན་དེ་ཡང་ ཞིབ་འཚོལ་འབད་མི་ཚུ་གིས་ གཙོ་རིམ་ཅན་གྱི་ གྲོས་འདེབས་ཅིག་སྦེ་ ཐོན་ཡོདཔ་ད་ འབྲུག་གི་ཨ་ལུ་ཚུ་ལུ་ གཟུགས་ཐོག་ཉེས་ཁྲིམས་བཀལ་ནི་དེ་ མཇུག་བསྡུ་དགོཔ་ཡོདཔ་བཞིན་དུ་ དེ་གི་ཚབ་ བྱམས་སྐྱོང་གི་སྒོ་ལས་ མཐའ་སྐྱོང་འབད་དགོ་པའི་གནད་དོན་དེ་ སིངྒ་པུར་འཛིན་སྐྱོང་གཙུག་ལག་གི་ མཁས་དབང་ཝིང་ཅོང་ཅཱན་གྱིས་ ཞིབ་འཚོལ་འབད་བའི་སྐབས་ལུ་ གསལ་སྟོན་བྱུང་ཡོདཔ་ད་ ཁོ་གིས་ ཞིབ་འཚོལ་འབད་མི་ཡིག་ཆ་ཚུ་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ སྤ་རོ་ལུ་འཚོགས་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ ཁྲིམས་དོན་གྲོས་ཚོགས་ཐེངས་༤ པའི་སྐབས་སུ་ གསལ་སྟོན་འབད་ཡོདཔ་ཨིན་པས།
གཟུགས་ཐོག་ཉེས་ཁྲིམས་བཀལ་མི་གིས་ ཨ་ལུ་ཚུ་ལུ་ སེམས་ཁམས་དང་འབྲེལ་བའི་ འཕྲོད་བསྟེན་ལུ་གནོད་པ་དང་ ཤེས་ཡོན་སྦྱང་ནི་ཚུ་ནང་ བར་ཆད་རྐྱབ་དོ་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ད་ ཨེ་ཤི་ཡའི་ལུང་ཕྱོགས་ཚུ་ནང་ ཨ་ལུ་ཚུ་ལུ་ གཟུགས་ཐོག་ཉེས་ཁྲིམས་བཀལ་ནི་དེ་ ལམ་སྲོལ་དང་ རང་བཞིན་བཟུམ་ཅིག་སྦེ་ཡོདཔ་ལས་ རྒྱལ་ཁབ་དག་པ་ཅིག་ནང་ མེདཔ་བཟོ་ནུག་ཟེར་ཨིན་པས།
མཁས་དབང་ཝིང་ཅོང་ཅཱན་གྱིས་ བཤད་མིའི་ནང་ འབྲུག་ལུ་ ཨ་ལུ་ཉེན་སྐྱོབ་འབད་དོན་ལུ་ ཁྲིམས་ཁག་ལེ་ཤ་ཅིག་ བཟོ་ཡོད་རུང་ གཟུགས་ཐོག་ཉེས་ཁྲིམས་བཀལ་ནི་མེདཔ་བཟོ་ནི་དེ་ འཁོད་དེ་མིན་འདུག་ཟེར་ཨིན་པས།
དཔྱེ་འབད་བ་ཅིན་ འབྲུག་ཨ་ལུ་ཉེན་སྲུང་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༢༡༤ ནང་ ཨ་ལུ་ཚུ་ལུ་ སྡུག་སྦྱོང་དང་ ཁྱིམ་ནང་དང་ སློབ་གྲྭ་ནང་ཉེས་ཆད་བཀལ་ནི་ལ་སོགས་པ་ཚུ་ མ་ཆོགཔ་སྦེ་ཨིན་རུང་ སྒྲིག་ཁྲིམས་དང་བསྟུན་པའི་ སྒྲིག་གཞི་ཚུ་ནང་ འོས་འབབ་ཡོདཔ་འཚམས་ཅིག་སྦེ་ འདུག་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ ཨ་ལུ་ཉེན་སྲུང་བཅའ་ཁྲིམས་ཀྱི་ དོན་ཚན་༢༣ པའི་ནང་ ཨ་ལུ་ཁོང་ར་གིས་ རང་དང་གཞན་མི་ལུ་ འཇིགས་སྐུལ་ལ་སོགས་པ་རེ་འབད་ཐོན་ཚེ་ ཁྲིམས་མཐུན་བསྟར་སྤྱོད་འབད་ཆོགཔ་སྦེ་ ཡོདཔ་བཞིན་དུ་ གཞན་མི་གནད་དོན་ཚུ་ནང་ འབད་བ་ཅིན་ མ་ཆོགཔ་སྦེ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༠༩ པའི་ནང་ གནད་དོན་ཚུ་ ཅོག་འཐདཔ་སྦེ་ར་ ཚུད་དེ་འདུག་ཟེར་ཨིན་པས།
མཁས་དབང་ ཝིང་ཅོང་ཅཱན་གྱིས་ དྲིས་བཀོད་འབད་མིའི་ནང་ འབྲུག་པའི་ཨ་ལུ་གི་ཕམ་དང་ སློབ་དཔོན་ཚུ་ལུ་ སྒྲིག་ཁྲིམས་བཙུགས་ནི་ལུ་ སྦྱོང་བརྡར་ཡོདཔ་ཨིན་ན་དང་ གལ་སྲིད་ སྦྱོང་བརྡར་ཚུ་མེདཔ་འདྲཝ་འབད་བ་ཅིན་ དེ་གིས་ཡང་ ལུས་ཐོག་ཉེས་ཁྲིམས་བཀལ་ནི་ལུ་ འཕྲོ་མཐུད་དེ་ གནས་འོང་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ གཟུགས་ཐོག་ཉེས་ཁྲིམས་བཀལ་ནི་ མཇུག་བསྡུ་དགོཔ་འདྲཝ་འབད་བ་ཅིན་ སྲིད་བྱུས་བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིནམ་ད་ གཞན་ཡང་ ཐབས་བྱུས་ཚུ་བཏོན་ཐོག་ལས་ ལེགས་བཅོས་འབད་བ་ཅིན་ གྲུབ་འབྲས་འཐོན་ནི་བཟུམ་ འདུག་ཟེར་ཨིན་པས།
གྲོས་འཛོམས་ནང་ཡོད་མི་ མང་ཤོས་ཅིག་གིས་ བསྒྱུར་བཅོས་འབད་ནི་ལུ་ ཁས་ལེན་འབད་ཡོདཔ་ད་ བཅའ་མར་གཏོགས་མི་ལ་ལུ་ཅིག་གིས་ འབད་བ་ཅིན་ གཟུགས་ཐོག་ཉེས་ཁྲིམས་མེད་མི་དེ་གིས་ཡང་ གདོང་ལེན་འབྱུང་སྲིད་ཟེར་ སླབ་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ བཤད་མིའི་ནང་ གལ་སྲིད་ ཨ་ལུ་དེ་གིས་ ཕམ་དང་ སློབ་དཔོན་གཉིས་ཆ་ར་གིས་ སླབ་པའི་ཁ་ལུ་ ཉན་མ་བཏུབ་འདྲཝ་འབད་བ་ཅིན་ ང་བཅས་ཀྱིས་ ཨ་ལུ་དེ་ལུ་ ལམ་སྟོན་དང་ ཐབས་ལམ་ཚུ་ ག་དེ་སྦེ་བསྒྲིག་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་ལམ་རྒྱ་ལམ་རེ་ གཟུགས་ཐོག་ཉེས་ཁྲིམས་བཀལ་དགོཔ་ཐོནམ་ད་ དེ་ཚུ་ཁྲིམས་འགལ་གྱི་ གྲངས་སུ་ བརྩི་ནི་མི་འོང་ཟེར་ཨིན་པས།
འདི་བཟུམ་གྱི་ གནོད་དོན་དེ་ སློབ་དཔོན་ལ་ལུ་ཅིག་ལུ་ འབད་དགོཔ་ཐོན་ཡོདཔ་ད་ གཟུགས་་ཐོག་ཉེས་ཁྲིམས་དེ་ རེ་ཚེ་སྐབས་ དགོས་མཁོ་འདུག་ཟེར་ ཨིན་མི་དེ་ཡང་ སློབ་ཕྲུག་ལ་ལུ་ཅིག་གིས་ སློབ་ཁང་ནང་ ཚུལ་མཐུན་འབད་མ་བཏུབ་པའི་སྐབས་སུ་ ལག་ལེན་འཐབ་ནི་དེ་ཡང་ དོན་དང་ལྡནམ་སྦེ་ མཐོངམ་མས་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ བཤད་མིའི་ནང་ སློབ་གྲྭ་ནང་ ཤེས་ཡོན་དེ་ ཁྱད་འཕགས་ཅན་དགོ་པའི་ ཨུ་ཚུགས་བསྐྱེད་མི་གིས་ གཟུགས་ཐོག་ཉེས་ཁྲིམས་དེ་ རང་བཞིན་གྱིས་ སྒྲིག་ཁྲིམས་དང་བསྟུན་ བཀལ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ སློབ་ཕྲུག་ལ་ལུ་ཅིག་ སློབ་ཁང་ནང་ སློབ་སྦྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་མ་བཏུབ་མི་ཚུ་ལུ་ དགོཔ་ཡོདཔ་སྦེ་ཨིན་པས།
འབྲུག་ལུ་ ཨ་ལུ་ཚུ་ལུ་ ཞི་བདེ་བྱིན་ནི་དེ་ དར་ཁྱབ་ཆེ་སུ་སོང་ཡོདཔ་ད་ ད་རེས་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ཀྱིས་ ཨ་ལུ་དང་འབྲེལ་བའི་ བྲེལ་ཟིང་ཚུ་ལག་ལེན་མི་འཐབ་ཟེར་ ཁས་ལེན་འབད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ཡང་ སཱག་མཐུན་ཚོགས་ནང་ཡོདཔ་ལས་ ཨ་ལུ་དང་འབྲེལ་བའི་གནད་དོན་ སྡུག་རྩུབ་དང་ བདག་མེད་བཞག་ནི་ དབང་བཙོང་འདོད་སྤྱོད་ བཙན་དབང་འབད་ནི་ ཚུལ་མཐུན་ངོས་ལེན་མ་འབད་ནི་ ལུས་འབྲེལ་གྱི་ཚོང་འབྲེལ་ལ་སོགས་པའི་ གནད་དོན་ཚུ་ནང་ལས་ ཉེན་སྲུང་འབད་ནི་ཨིན་ཟེར་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།