བཀྲིས་ཕུན་ཚོགས།
༉ སྤ་རོ་ གཡུ་ཏོག་བསམ་གྲུབ་ཆོས་གླིང་དགོན་འཛིན་གྲྭ་ཚང་ནང་ སྒྲིང་ཁྱིམ་༢ གསར་བསྒྲུབས་འབད་མིའི་ བཀྲིས་རབ་གནས་དེ་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་གྱིས་ མཛད་གནང་ཡི།
དེ་ཡང་ སློབ་ཁང་དང་ དཔེ་མཛོད་ ལྟོ་བཟའ་སའི་ཁང་མིག་ གསང་སྤྱོད་ ཉལ་ཁང་ དེ་ལས་ གནད་དོན་གཞན་གྱི་དོན་ལུ་ ལག་ལེན་འཐབ་བཏུབ་པའི་ སྒྲིང་ཁྱིམ་གསར་བསྒྲུབས་འབད་མིའི་ནང་ དགེ་སློང་༢༠༠ དེ་ཅིག་ལུ་ ཤོང་ཚུགས་མི་དེ་ཡང་ སིངྒ་པུར་ལས་ ཆོས་དང་འབྲེལ་བའི་ སློབ་སྟོན་པ་གིས་ འགོ་འདྲེན་ཐོག་ལས་ ཁོ་རའི་ སློབ་མ་ཚུ་གིས་ མ་དངུལ་གྱི་ ཞལ་འདེབས་བྱིན་མི་ལུ་བརྟེན་ ལས་འགུལ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྒྲིང་ཁྱིམ་༢ པོ་དེ་ བཀྲིས་རབ་གནས་འབད་བའི་ཤུལ་ལས་ ནང་པའི་སྒྱུ་རྩལ་དང་ ལམ་སྲོལ་ཉམས་སྲུང་ལྟེ་བའི་ བཀོད་ཁྱབ་མདོ་ཆེན་ སྐལ་བཟང་ཆོས་གླིང་བཀྲིས་ཀྱིས་ སྒོ་འབྱེད་འབད་ཡི།
དེ་བཟུམ་སྦེ་ སྒྲིང་ཁྱིམ་བཟོ་སྐྲུན་ལས་འགུལ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ སིངྒ་པུར་ལས་ ཆོས་དང་འབྲེལ་བའི་ སློབ་སྟོན་པ་གིས་ མི་དབང་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་གི་སྐུ་ཚབ་ ནང་པའི་སྒྱུ་རྩལ་དང་ ལམ་སྲོལ་ཉམས་སྲུང་ལྟེ་བའི་ བཀོད་ཁྱབ་མདོ་ཆེན་ སྐལ་བཟང་ཆོས་གླིང་བཀྲིས་ལུ་ རྩིས་སྤྲོད་འབད་ཡི།
གཡུ་ཏོག་བསམ་གྲུབ་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་ དབུ་འཛིན་ཚེ་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༩ དང་༢༠༡༡ ལུ་ ས་ཡོམ་རྐྱབ་མི་ལུ་བརྟེན་ སྤྱི་ལོ་༢༠༡༣ ལུ་ མི་དབང་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ མ་དངུལ་གྱི་ རྒྱབ་སྐྱོར་གནང་མི་ཐོག་ལས་ ཉམས་གསོ་ཞུ་ནི་ འགོ་བཙུགས་ཡོད་རུང་ གྲྭ་ཚང་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ཁ་སྐོང་དགོཔ་ལེ་ཤ་ཐོན་མི་ལུ་བརྟེན་ སྤྱི་ལོ་༢༠༡༩ ལུ་ སློབ་ཕྲུག་ཚུ་གི་ཉལ་ཁང་དང་ དགོས་མཁོ་གཞན་བསྒྲུབ་ཐབས་ལུ་ སྒྲིང་ཁྱིམ་༢ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
གཞན་དལ་གཞི་ བཟོ་སྐྲུན་ལས་འགུལ་དེ་ ལོ་༢ ཀྱི་ནང་འཁོད་ བསྒྲུབ་ཚུགས་ནི་སྦེ་ དམིགས་གཏད་བསྐྱེད་ཡོདཔ་ཨིན་རུང་ ནད་ཡམས་ཀོ་བིཌ་༡༩ ཐོན་མི་གིས་ འཕར་འཕུལ་རྐྱབ་དགོཔ་ཐོནམ་ལས་ ཡོངས་རྫོགས་བསྒྲུབ་ནི་ལུ་ ལོ་༥ བསྒོར་སོ་ཡི་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ སློབ་དཔོན་དང་ སློབ་ཕྲུག་ག་ར་ལུ་ སྒྲིང་ཁྱིམ་དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ དབུ་འཛིན་ཚེ་དབང་དཔལ་འབྱོར་གྱིས་ སླབ་ཨིན་པས།
དགོན་འཛིན་གྲྭ་ཚང་ནང་ འཛིན་གྲྭ་༨ པའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་ཚུ་གིས་ སླབ་མིའི་ནང་ ལྷ་ཁང་གི་ མཐའ་བསྐོར་ཏེ་རྐྱབ་མི་ ཁང་མིག་ཚུ་ནང་ བཞེས་སྒོ་བཟའ་ས་དང་ དཔེ་ཆ་ལྷབ་ས་ དེ་ལས་ གསང་སྤྱོད་ཀྱི་མཐུན་རྐྱེན་ཚུ་ ཡོད་དེ་འབད་རུང་ ད་ལྟོའི་ སྒྲིང་ཁྱིམ་བཟུམ་སྦེ་ ཉལ་ཁང་དང་ དཔེ་ཆ་ལྷབ་ས་ དཔེ་མཛོད་ཁང་ སློབ་ཁང་ གསང་སྤྱོད་ དེ་ལས་ བཟའ་ཁང་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ གཅིག་ནང་མེད་ཟེར་ཨིན་པས།
ད་རེས་ མཐུན་རྐྱེན་ཚུ་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ བྱ་སྟབས་བདེ་བའི་ཁར་ དགོན་འཛིན་གྲྭ་ཚང་ནང་ དཔེ་ཆ་ལེགས་ཤོམ་སྦེ་ ལྷབ་ཚུགས་ནི་ལུ་ ཁེ་ཕན་ལེ་ཤ་འདུག་ཟེར་ ཁོ་གིས་བཤདཔ་ཨིན་པས།
སྒྲིང་ཁྱིམ་༢ བཟོ་སྐྲུན་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ གཙོ་བོ་ར་ སྤ་རོ་ཤར་པ་ལས་ བཙན་སྐྱོགས་ཚེ་རིང་ཨིནམ་ད་ ཁོ་གིས་ ནང་པའི་ཆོས་ལུ་ དད་པ་དང་དག་སྣང་ཡོད་མི་ ཕྱི་རྒྱལ་གྱི་མི་ཚུ་དང་འབྲེལ་བ་འཐབ་སྟེ་ མ་དངུལ་གྱི་རྒྱབ་སྐྱོར་འཚོལ་ཐོབ་ཡོདཔ་ཨིན་པས།
བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ ཕྱི་གླིངཔ་སྡེ་ཚན་ཅིག་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ གྲྭ་ཚང་ལུ་ ཞལ་འདེབས་སྦེ་ སྒྲིང་ཁྱིམ་༢ བཟོ་སྐྲུན་འབད་དེ་ བྱིན་ཚུགས་ནི་དེ་གིས་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་དང་ ལྷག་པར་དུ་ འབྲུག་མི་ཡོངས་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
འདི་བཟུམ་སྦེ་ མ་དངུལ་གྱི་ རྒྱབ་སྐྱོར་འགོ་འདྲེན་འཐབ་མི་ གླིང་བཙན་བྱུང་གིས་ སླབ་མིའི་ནང་ ང་བཅས་ཀྱིས་ མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་ཚུ་ལུ་ སྒྲིང་ཁྱིམ་གསར་བསྒྲུབས་༢ ཕུལ་ཚུགས་མི་དེ་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིན་ཟེར་ཨིན་པས།
ང་བཅས་ཀྱིས་ ལོ་༥ འི་རིང་ ལས་འགུལ་ལུ་ རྒྱབ་སྐྱོར་འབད་དེ་ ད་རེས་ གསར་བསྒྲུབས་འབད་མི་སྒྲིང་ཁྱིམ་དེ་ མི་དབང་རྒྱལ་ཡུམ་མཆོག་ལུ་ རྩིས་སྤྲོད་འབད་ཚུགས་ནི་དེ་གིས་ བསམ་པ་རྫོགས་པའི་ཁར་ ད་ལྟོ་ཚུན་ ལས་འགུལ་ལུ་ རྒྱབ་སྐྱོར་འབད་མི་ བླམ་དང་ དགེ་སློང་ དེ་ལས་ ངོ་ཚབ་ཚུ་ལུ་ཡང་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ སླབ་ཨིན་པས།
གཡུ་ཏོག་དགོན་པ་དེ་ འབྲུག་གི་ནུབ་ཕྱོགས་ སྤ་རོ་རིན་སྤུངས་རྫོང་ལས་ ཐིམ་ཕུག་བལྟ་སྟེ་ ཀི་ལོ་མི་ཊར་༡༠ གྱི་ ས་ཁར་ཆགས་ཡོད་པའི་ཁར་ ཤར་པ་སློབ་གྲྭ་ལས་ ཁ་ཡར་བལྟ་སྟེ་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་ཕྱེད་དང་༣ དེ་ཅིག་ལུ་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༢༦༠༠ འི་ མཐོ་ཚད་ཁར་ཆགས་ཏེ་འདུག།
དགོན་པ་དེ་ དུས་རབས་༡༢ པའི་ནང་ རིག་འཛིན་འཇའ་ཚོན་སྙིང་པོ་གིས་ གདན་ས་ཕྱག་བཏབ་གནང་བའི་ཤུལ་ལས་ གཡུ་ཏོག་དགོན་པའི་ གཡུས་ཚན་དག་པ་ཅིག་གིས་ བདག་འཛིན་འཐབ་ཡོདཔ་ད་ དེ་གི་ཤུལ་ལས་ གཡུས་ཁའི་མི་སེར་ཚུ་གིས་ གཞུང་གྲྭ་ཚང་ལུ་ ཕུལ་ཡོདཔ་ཨིན་པས།
ད་རེས་ དགོན་འཛིན་གྲྭ་ཚང་ནང་ དགེ་སློང་༦༣ དང་ སློབ་དཔོན་༡༠ ཡོདཔ་ད་ གཞུང་གྲྭ་ཚང་ལས་ དགེ་སློང་༡༡ གི་ ལྟོ་ཕོགས་ཚུ་ ཐོབ་ཡོད་རུང་ གཞན་མི་ཚུ་ དགོན་འཛིན་གྲྭ་ཚང་གིས་ འགོ་འདྲེན་འཐབ་སྟེ་ ལྟོ་ཕོགས་བྱིན་དོ་ཡོད་པའི་གནས་ཚུལ།