༉ སྤྱི་ལོ་༢༠༡༡ ལུ་ ས་ཡོམ་ལུ་བརྟེན་ ཉམས་ཆག་སྦོམ་ཤོར་མི་ རྒྱལ་རབས་ཅན་གྱི་ གླིང་བཞི་གཡུས་རྒྱལ་རྫོང་དེ་ ཉམས་གསོ་ཞུ་སྟེ་ ཨ་རྟག་ཧར་ལུགས་ཀྱི་ གནས་སྟངས་ཐོག་ལུ་ ལྷོད་དེ་ཡོདཔ་ཨིན་པས།
འབྲུག་གི་ བྱང་ཕྱོགས་ལུ་ཡོད་མི་ གསར་བསྒྲུབས་འབད་མི་ གླིང་བཞི་རྫོང་དེ་ འཕྲལ་ཁམས་ཅིག་ཁར་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ རབ་གནས་གནང་ཡོདཔ་ཨིན་པས།
རྫོང་གསར་བཞེངས་འབད་བའི་སྐབས་ ལོ་༧ དེ་ཅིག་ འགོར་ཡོདཔ་ཨིན་པས།
རྫོང་དེ་ སྤྱི་ལོ་༡༦༦༧ དང་༡༦༨༠ཀྱི་བར་ན་ འབྲུག་གི་སྡེ་སྲིད་༣ པ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ བཞེངས་གནང་ཡོདཔ་ད་ གླིང་བཞི་གཡུས་རྒྱལ་རྫོང་དེ་ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ལུ་ མིང་ཡང་ གཡུས་རྒྱལ་རྫོང་སྦེ་ གསོལ་གནང་ཡོདཔ་ཨིན་པས།
གླིང་བཞི་རྫོང་དེ་ འགོ་དང་པ་ར་ སྤྱི་ལོ་༡༨༩༧ ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་པའི་ཤུལ་ལས་ སྤྱི་ལོ་༡༩༥༠ལུ་ གསར་བཞེངས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༥ ལུ་ ཆ་ཤས་ཅིག་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
དུས་རབས་ལས་བཅད་དེ་ རྫོང་དེ་ ལུང་ཕྱོགས་ལྟེ་བ་དང་ བདག་སྐྱོང་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྫོང་དེ་གིས་ འབྲུག་གི་བྱང་ཕྱོགས་ཀྱི་ ས་མཚམས་སྲུང་རྒྱབ་ཅིག་སྦེ་ ལག་ལེན་འཐབ་ཡོད་པའི་ཁར་ ལུང་ཕྱོགས་ཉེན་སྐྱོབ་དང་ ཞི་བདེ་ རྩ་བརྟན་ དེ་ལས་ རང་དབང་གི་ གཞི་འཛིན་འབདཝ་ཨིན་པས།
རྫོང་གསར་བཞེངས་ལས་འགུལ་དེ་ འཆར་གཞི་༡༢ པའི་ནང་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༤༠༠གནང་སྟེ་ སྤྱི་ལོ་༢༠༡༨ ལུ་ གསར་བཞེངས་འབད་ནི་ འགོ་བཙུགས་ཡོད་རུང་ ད་ལྟོ་ཚུན་ཚོད་ འཆར་དངུལ་དེ་ དངུལ་ཀྲམ་ས་ཡ་༨༠རྐྱངམ་གཅིག་ ལག་ལེན་འཐབ་ཡོདཔ་ཨིན་པས།
ལས་འགུལ་དེ་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།
རྫོང་དེ་ཡང་ ཡངས་བཙོན་པ་དང་ ལས་མི་༡༠༠གིས་ གྲལ་གཏོགས་འབད་དེ་ ལོ་༧ མ་ལངམ་ཅིག་གི་ ནང་འཁོད་ལུ་ བཞེངས་ཚར་ཡོདཔ་ཨིན་པས།
རྫོང་དེ་ ས་ཁ་མཐོ་ས་ མི་ཊར་༤,༡༥༠དེ་ཅིག་གི་ ས་གནས་ཁར་ཡོདཔ་ཨིན་པས།
གླིང་བཞི་དྲུང་པ་དང་ ལས་འགུལ་འཛིན་སྐྱོང་པ་ མ་ནི་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་གསར་བཞེངས་འབད་བའི་སྐབས་ གནས་གཤིས་གནས་སྟངས་དང་ ཤིང་ཆས་ཚུ་ ཉིནམ་༢ ཀྱི་ས་ཁ་ལས་ འབག་འོང་དགོཔ་ད་ རྡོ་བསྡུ་ལེན་དང་འབྲེལ་བའི་ གདོང་ལེན་ཚུ་ ལེ་ཤ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བར་གཤོང་ལས་ ཆུམ་འབག་འོང་པའི་སྐབས་ གླིང་བཞི་ལུ་ ལྷོད་ནི་ལུ་ ཉིན་གྲངས་༣ དེ་ཅིག་ འགོརཝ་མས་ཟེར་ཨིན་པས།
གླིང་བཞི་རྒཔོ་ དབང་འདུས་ཀྱིས་ སླབ་མིའི་ནང་ གླིང་བཞི་གི་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ རྫོང་དེ་ ས་ཁ་མཐོ་སར་ སྡོད་མི་ཚུ་གི་དོན་ལུ་ ཕྱག་དང་ མཆོད་པ་ཕུལ་སའི་ ས་གོ་གལ་ཅན་ཅིག་ཨིནམ་བཞིན་དུ་ ད་རེས་ རྩ་ཆེ་བའི་ནང་རྟེན་ཚུ་ཡང་ ཉེན་སྲུང་ལྡནམ་སྦེ་ བཞག་ཚུགས་ནི་མས་ཟེར་ཨིན་པས།
རྫོང་གི་ནང་ན་ ནང་རྟེན་གཙོ་བོ་ར་ ཞབས་དྲུང་གི་ལྕགས་རོལ་དང་ ཞབས་དྲུང་འབྲུག་ལུ་བྱོན་པའི་སྐབས་ ལག་ལེན་འཐབ་མི་ དངུལ་དང་གསེར་སྒྲོན་འབད་མི་ རྟའི་སྒ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཤཱཀྱ་ཐུབ་པ་དང་ སྤྱན་རས་གཟིགས་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ གུ་རུ་པདྨ་འབྱུང་གནས་ མགོན་པོ་ཚེ་དཔག་མེད་ལ་སོགས་པའི་ སྐུ་རྟེན་བྱིན་ཅན་ཚུ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།