༉ འདས་པའི་ལོ་ཚུ་ལས་ འགོ་བཙུགས་ཏེ་ རྡོག་མ་ཤིང་འཛུགས་སྐྱོང་འབད་མི་ ཡར་འཕར་སོངམ་དང་འབྲེལ་ དགེ་ལེགས་ཕུག་ས་མཚམས་སྒོ་ར་ལས་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཚོང་ལམ་མེད་མི་ལུ་བརྟེན་ རྡོག་མ་ཐོན་སྐྱེད་འབད་བའི་དུས་ཚོད་ལུ་ ཨ་རྟག་ར་ སོ་ནམ་པ་ཚུ་ ཕྱིར་ཚོང་འཐབ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

ད་རེས་ རྡོག་མ་ཕྱིར་ཚོང་དེ་ཡང་ ཕུན་ཚོགས་གླིང་ ཇའི་སྒང་དང་ བསམ་རྩེ་ ཅ་མུར་ཅི་གི་ ས་མཚམས་སྒོ་ར་ཚུ་ལས་རྐྱངམ་གཅིག་ ཕྱིར་ཚོང་འཐབ་ཆོག་དོ་ཡོདཔ་ཨིན་པས།

གནད་སྡུད་དང་འཁྲིལ་བ་ཅིན་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༣༥༡ གནས་པའི་ རྡོག་མ་མེ་ཊིག་ཊཱོན་༦,༧༥༨ དེ་ཅིག་ དགེ་ལེགས་ཕུག་ས་མཚམས་སྒོ་ལས་བརྒྱུད་དེ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས།

ཨིན་རུང་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་ཚུ་ཡང་ གདོང་ལེན་མེད་པར་ ཕྱིར་ཚོང་འཐབ་མ་ཚུགསཔ་ཨིན་པས།

འབྲུག་པའི་ཕྱིར་ཚོང་པ་ཚུ་གིས་ ས་མཚམས་ཀྱི་ ས་ཤཱསི་ཊ་སི་མ་བཱལ་(ཨེསི་ཨེསི་བི་)ལུ་ སྣུམ་འཁོར་ཊཱག་རེ་ལུ་ ཁྲལ་དངུལ་ཀྲམ་༧,༠༠༠ ལས་༡༠,༠༠༠ གི་བར་ན་ བྱིན་དགོ་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ གདོང་ལེན་ལེ་ཤ་བྱུང་མི་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ གསར་སྤང་རྫོང་ཁག་ཚོགས་འདུ་ འཚོགས་པའི་སྐབས་ དགེ་ལེགས་ཕུག་ས་མཚམས་སྒོ་ར་བརྒྱུད་དེ་ རྡོག་མ་ཕྱིར་ཚོང་འཐབ་ནིའི་དོན་ལས་ རྒྱུན་གཏན་གྱི་ ཚོང་ལམ་ཅིག་ སྒོ་ཕྱེ་དགོ་པའི་ གསུང་གྲོས་གནང་ཡོདཔ་ཨིན་པས།

སེངྒེ་རྒཔོ་ འཇིགས་མེད་ཀྱིས་ ཚོགས་འདུའི་ནང་ རྡོག་མའི་ཐོན་སྐྱེད་ ཕྱིར་ཚོང་འཐབ་པའི་སྐབས་ གཡོ་བཅོས་ཁྲལ་དང་ གོང་ཚད་མ་ཐོབ་པའི་ ཚ་གྱང་ཡོད་ལུགས་ཚུ་ཞུ་ཡོདཔ་ད་ གལ་སྲིད་ གནད་དོན་དེ་ འཕྲོ་མཐུད་དེ་ར་འབྱུང་པ་ཅིན་ སོ་ནམ་པ་ཚུ་གིས་ ཨ་རྟག་ར་ ཐོགས་ལུས་ནི་ཨིནམ་ལས་ དེ་གིས་ དཔལ་འབྱོར་ཡར་དྲག་དང་ སོ་ནམ་པ་ཚུ་ འོང་འབབ་བཟོ་ནི་ལུ་ དཀའ་ངལ་བྱུང་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྡོག་མ་བཙུགས་མི་ཚུ་གི་ དཀའ་ངལ་ཚུ་ སེལ་ཐབས་འབད་མ་ཚུགས་པ་ཅིན་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ མི་ངོམ་རེ་གིས་ འོང་འབབ་དངུལ་ཀྲམ་༤༠༠,༠༠༠ བཟོ་ནི་གི་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ རྡོག་མ་ཤིང་བཙུགས་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ རྡོག་མ་དེ་ གསར་སྤང་ལུ་ རྒེད་འོག་༡༢ ཡོད་པའི་གྲས་ལས་༡༠ ལུ་ འོང་འབབ་གཙོ་ཅན་ཅིག་ཨིན་པས།

དངུལ་ཐོག་རྡོག་མ་བཙུགས་མི་ ལྷོ་ཕྱོགས་རྫོང་ཁག་༦ ཡོད་མིའི་གྲས་ལས་གཅིག་ གསར་སྤང་རྫོང་ཁག་ཨིན་པས།

སྤྱི་ལོ་༢༠༢༣ རྐྱངམ་གཅིག་ལུ་ ཆུ་གཟར་སྒང་རྒེད་འོག་རྐྱངམ་གཅིག་གིས་ རྡོག་མ་ཊཱོན་༤,༥༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ད་ ཆུ་གཟར་རྒཔོ་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ རྡོག་མ་དེ་ དངུལ་ཐོག་གཙོ་ཅན་ཅིག་ཨིནམ་ད་ ཨིན་རུང་ གདོང་ལེན་ལེ་ཤ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གོང་ཚད་ལེགས་ཤོམ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སོ་ནམ་གྱི་ ཐོན་སྐྱེད་གཞན་ཚུ་ རྒྱུན་གཏན་ ཡང་ཅིན་ ཡུན་བརྟན་ཅིག་ མིན་འདུག་ཟེར་ཨིན་པས།

དགེ་ལེགས་ཕུག་གི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ ཧེ་མ་ལས་ ཐོན་བཞིན་དུ་ཡོད་མི་ གནད་དོན་སེལ་ཐབས་ལུ་ རྡོག་མ་དེ་ རྒྱ་འབྲུག་ཚོང་འབྲེལ་གན་ཡིག་ནང་ བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།

རྡོག་མ་དང་འབྲེལ་བའི་ གནད་དོན་དེ་ཡང་ སྤྱི་ལོ་༢༠༢༡ ལུ་ རྒྱ་གར་གཞུང་གིས་ ཚོང་འབྲེལ་གྱི་ ལམ་ལུགས་དེ་ ཌི་ཇི་ཊཱལ་བཟོ་མི་དང་ འབྲུག་ལས་ རྒྱ་གར་ལུ་ རྡོག་མ་ཕྱིར་ཚོང་འཐབ་ནི་ལས་ བཀག་དམ་འབད་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།

ཨིན་རུང་ གལ་སྲིད་ རྡོག་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༢༡ ལས་བརྒལ་སོ་པ་ཅིན་ རྡོག་མ་ཕྱིར་ཚོང་འཐབ་ནིའི་ ལོ་བསྟར་ཐོབ་སྐལ་ཊཱོན་༡༧ ཡོདཔ་ཨིན་པས།

གསར་སྤང་རྫོང་བདག་ བློ་བཟང་རྡོ་རྗེ་གིས་ རྫོང་ཁག་བདག་སྐྱོང་ལུ་ གནད་དོན་དེ་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་ལུ་ སྙན་ཞུ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཐོན་སྐྱེད་གཞན་ཚུ་ཡང་ ཕྱིར་ཚོང་འཐབ་ནིའི་དོན་ལས་ ས་མཚམས་ཚུ་ནང་ལས་ ཚོང་ལམ་ལེ་ཤ་ ཕྱེ་ནིའི་དོན་ལས་ གཞུང་གིས་ གྲོས་བསྟུན་འབད་བའི་བསྒང་ འདུག་ཟེར་ཨིན་པས།

ཕྱིར་ཚོང་དེ་ རྒྱལ་ཁབ་༢ ཀྱི་ མཛའ་བཤེས་མཐུན་ལམ་ཐོག་ལས་ ལྷན་ཐབས་འབད་དོ་ཡོད་རུང་ སོ་ནམ་པ་ཚུ་ ད་ལྟོའི་བར་ན་ཡང་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ད་ གལ་སྲིད་ རྡོག་མ་དེ་ དགེ་ལེགས་ཕུག་ལས་ ཕྱིར་ཚོང་འཐབ་ཆོག་པ་ཅིན་ དཀའ་ངལ་མང་ཤོས་ཅིག་ སེལ་ཐབས་འབད་ཚུགས་ནི་ཨིན་པའི་ཁར་ རྡོག་མ་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ཡང་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

 

 

ཨོ་རྒྱན་རྡོ་རྗེ།

Advertisement