༉ གསར་སྤང་ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་གྱི་དོན་ལུ་ ཐོན་སྐྱེད་ས་ཁོངས་ཅིག་སྦེ་ཨིནམ་ད་ དེ་ཡང་ རྒེད་འོག་དེ་ནང་གི་ ན་གཞོན་ཚུ་གིས་ སོ་ནམ་ལས་སྡེའི་ནང་ གྲོགས་རམ་འབད་བའི་རེ་བ་ཡོདཔ་ཨིན་པས།
ས་གནས་ཀྱི་སོ་ནམ་པ་ཚུ་ལུ་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ རིག་རྩལ་དང་ ཤེས་ཡོན་གྱི་དོན་ལུ་ སོ་ནམ་གྱི་ཐབས་རིག་ ཆུར་སྤྱོད་ཐབས་བྱུས་དང་ སྔོ་ལྗང་གི་སོ་ནམ་ལག་ལེན་དོན་ལུ་ སྤྱི་ཟླ་༢ པའི་ཚེས་༡ ལུ་ ཆུ་འཛོམས་རྒེད་འོག་ལྟེ་བའི་ནང་ ཉིནམ་གཅིག་གི་སྦྱོང་བརྡར་སྐབས་ ན་གཞོན་༢༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ཡང་ མཐའ་འཁོར་གནས་སྟངས་ཚད་འཛིན་གྱི་ སོ་ནམ་ལས་སྣ་ཚུ་གི་དོན་ལུ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ངོ་ཚབ་ཀྱིས་ རྒྱབ་སྐྱོར་མ་དངུལ་བྱིན་ཡོདཔ་ད་ ལས་རིམ་དེ་ འབྲུག་ལུ་ ཇ་པཱན་ཨ་ལུམ་ནི་ལས་ཚོགས་ཀྱིས་ གསར་སྤང་སོ་ནམ་སྡེ་ཚན་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཀུན་ལེགས་ཚེ་རིང་གིས་ བཤད་མིའི་ནང་ ཆུ་འཛོམས་ལུ་ རྫོང་ཁག་གི་ན་གཞོན་ སློབ་གྲྭ་ནང་ལས་ཐོན་སྡོད་མི་ མཐོ་ཤོས་ཡོདཔ་ད་ ན་གཞོན་ཚུ་ལུ་ སོ་ནམ་གྱི་སྦྱང་བ་ཚུ་ དེང་སང་གསར་གཏོད་ཅན་དང་ ཡུན་བརྟན་གྱི་ཐོག་ལས་ ཤེས་ཡོན་བྱིན་ནི་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིན་པས།
ད་ལྟོ་ དྲན་ཤེས་ཁྲོམ་ཚོགས་དེ་ འོང་དོ་ཡོདཔ་ལས་ ས་གནས་ནང་ཡོད་པའི་སོ་ནམ་པ་ཚུ་ གོ་སྐབས་གསརཔ་དང་ ཚོང་འབྲེལ་རྒྱ་སྐྱེད་ཀྱི་ གོ་སྐབས་ཚུ་ སྦོམ་ར་ཡོད་ཟེར་ཨིནམ་ད་ ཆུ་འཛོམས་ལུ་ཡོད་པའི་ སོ་ནམ་པ་ཚུ་གིས་ རང་བཞིན་གྱི་སོ་ནམ་ཐོན་སྐྱེད་འབད་ནི་ལུ་ དམིགས་གཏད་བསྐྱེད་པའི་ཁར་ རྒྱལ་ཡོངས་རང་བཞིན་སོ་ནམ་ལས་རིམ་གྱིས་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
ཀུན་ལེགས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ དང་འདོད་ཅན་གྱི་ ན་གཞོན་ཚུ་ལུ་ གྲོས་གཞི་ལྷོད་མི་དང་བསྟུན་ གོང་འཕེལ་གཏང་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ དེ་ཚུ་ལྷོད་ཞིནམ་ལས་ མ་དངུལ་གྱི་རྒྱབ་སྐྱོར་དེ་ གཞུང་གི་ལས་འགུལ་ཐོག་ལས་ བྱིན་ནི་ཨིན་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་ལུ་ སྔོ་ཚལ་ཆུ་ཤོག་ཁྱིམ་དང་ ཆུར་སྤྱོད་རིམ་ལུགས་ཐོག་ལས་ ལག་ལེན་འཐབ་དོན་ལུ་ ལག་ཆ་དང་ ཅ་ཆས་ཚུ་བྱིན་ནི་དང་ དེ་ཚུ་གི་དོན་ལུ་ དགོས་མཁོ་ཆེ་བའི་ གནམ་གཤིས་འགྱུར་བགྲོད་དང་ རྒྱུན་སྐྱོང་ཚུ་གི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིན་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་ ཌོག་ཊར་པདྨ་རྒྱལ་པོ་གིས་ བཤད་མིའི་ནང་ སོ་ནམ་པ་ཚུ་གིས་ སྔོ་ཚལ་ཆུ་ཤོག་གི་ལྡུམ་ར་དང་ ཆུར་སྤྱོད་ལག་ལེན་གྱི་ གནད་དོན་ཚུ་ནང་ རིག་རྩལ་ཚུ་དགོཔ་ཡོད་ཟེར་ཨིན་པས།
ང་བཅས་ཀྱི་དམིགས་ཡུལ་དེ་ ངོ་རྐྱང་ཚུ་ མ་འོངས་པའི་ནང་ སོ་ནམ་པའི་ཚོང་འབྲེལ་ཅན་བཟོ་ནི་དེ་ ཨིནམ་བཞིན་དུ་ ཁོང་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ སྤུས་ཚད་ཅན་གྱི་ ཟ་ཆས་བཀྲམ་སྤེལ་འབད་ནི་དང་ འདི་བཟུམ་གྱི་ སོ་ནམ་ཐབས་རིག་ནང་ ངོས་འཛིན་བྱུང་ཞིནམ་ལས་ མཉམ་འབྲེལ་གྱི་དོན་ལུ་ རྒྱབ་སྐྱོར་ཚུ་འབད་ཚུགས་ཟེར་ཨིན་པས།
སོ་ནམ་དང་འབྲེལ་བའི་ ཐབས་བྱུས་ལུ་བརྟེན་ སོ་ནམ་པ་ཚུ་ སྤྲོ་བ་ཅན་བཟོ་ཚུགས་ནི་དང་ གོང་ཚད་ཆེ་བའི་ཐོན་སྐྱེད་ཚུ་འབད་དེ་ ཟད་འགྲོ་སོང་མི་ཚུ་ ག་དེ་མགྱོགས་མགྱོགས་ ལོག་ཐོབ་ཚུགས་ཟེར་ཨིན་པས།
ཤེས་རབ་གླིང་ལས་ཨིན་མི་ སྐྱེས་ལོ་༢༩ ལང་མི་ མཱན་བྷ་དུར་ག་ལེ་གིས་ སྤྱི་ལོ་༢༠༡༥ ལུ་ སློབ་རིམ་༡༢ པ་མཇུག་བསྡུ་ཞིནམ་ལས་ སོ་ནམ་ནང་འབྲེལ་བ་འཐབ་ཡོདཔ་ད་ ཨིན་རུང་ཁོ་ལུ་ སྦྱོང་བརྡར་དང་ དངུལ་གྱི་དཀའ་ངལ་ལུ་བརྟེན་ གསར་གཏོད་ཅན་གྱི་ སོ་ནམ་ཐོན་སྐྱེད་ཚུ་ འབད་མ་ཚུགས་ཟེར་ཨིན་པས།
ད་རུང་སྐྱེས་ལོ་༢༤ ལང་མི་ རྡོ་རྗེ་དབང་མོ་གིས་ བཤད་མིའི་ནང་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ གོ་སྐབས་གསརཔ་འབག་འོང་བའི་སྐབས་སུ་ ང་བཅས་ཀྱིས་ ཚོང་འབྲེལ་གྱི་ སོ་ནམ་ལཱ་ཚུ་འབད་དགོ་ཟེར་ཨིནམ་ད་ དེ་ཡང་ གསར་གཏོད་ཅན་དང་ འཕྲུལ་རིག་ལུ་གཙོ་རིམ་སྒྲིག་སྟེ་ འབད་དགོ་ཟེར་ཨིནམ་བཞིན་དུ་ ད་ཚུན་ལུ་ ཚོང་འབྲེལ་དེ་ཅིག་ར་ མེད་ནི་དེ་གིས་ རང་འཚོའི་དོན་ལུ་རྐྱངམ་གཅིག་ དམིགས་ཡུལ་བསྐྱེད་སྡོད་ཅི་ཟེར་ཨིན་པས།
ནོར་བུ་སྒང་ལས་ འཕྲིན་ལས་རྡོ་རྗེ་ཏ་མང་གིས་ བཤདན་མིའི་ནང་ ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ སློབ་རིམ་༡༢ པ་མཇུག་བསྡུ་བའི་ཤུལ་ལུ་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ སྒེར་གྱི་ས་ཆ་ཌེ་སི་མཱལ་༨༤ གླ་ཁར་ལེན་ཏེ་ ལཱ་འབད་ཡི་ཟེར་ཨིན་པས།
ཆུ་འཛོམས་རྒཔོ་ བིཤ་ནུ་པར་སཱད་གིས་ བཤད་མིའི་ནང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་བརྟེན་ མི་སེར་ཚུ་ ཚོང་འབྲེལ་གྱི་ གོ་སྐབས་སྦོམ་ར་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ང་བཅས་ཀྱིས་ རྫས་སྦྱོར་ཡོད་པའི་ ལུད་ལག་ལེན་འཐབ་ནི་མེད་པའི་ཁར་ ང་བཅས་ཀྱིས་ ལཱ་ཚུ་ལེགས་ཤོམ་འབད་དོ་ཡོདཔ་ད་ ད་རུང་ རིག་རྩལ་འཐེབ་བཏོན་ཏེ་ འབད་དགོཔ་ཡོད་ཟེར་ཨིནམ་བཞིན་དུ་ ང་བཅས་ཀྱི་རྒེད་འོག་ནང་ སློབ་གྲྭ་ནང་ལས་ཐོན་སྡོད་མི་ཡང་ ལེ་ཤ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement