༉ གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་དང་འཁྲིལ་བ་ཅིན་ གསོ་བ་དང་ལྷན་ཁག་དང་ རྒྱལ་ཡོངས་གསོ་བའི་ཞབས་ཏོག་ དེ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཌོག་ཊར་ཚུ་ བདག་སྐྱོང་གི་ལཱ་འབད་མ་བཅུག་པར་བཞག་ནིའི་དོན་ལུ་ དབྱེ་ཞིབ་འབད་དོ་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ཌོག་ཊར་ཚུ་ བདག་སྐྱོང་གི་ལཱ་འབད་ནི་ལས་ བཞག་དགོ་པའི་ གྲོས་ཆོད་ཆ་འཇོག་འབད་ཡོདཔ་ད་ དེ་ཡང་གཙོ་བོ་ར་ བདག་སྐྱོང་དང་ ནདཔ་སྨན་བཅོས་འབད་བའི་སྐབས་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་སྤྱི་ཚོགས་ནང་ རྒྱལ་ཡོངས་ཚོགས་འདུའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ཌོག་ཊར་ཚུ་ བདག་སྐྱོང་གི་ལཱ་འབད་དེ་ གདོང་ལེན་བྱུང་བའི་སྐོར་ལས་ བཤད་པའི་ཁར་ སྨན་ཁང་གི་ བདག་སྐྱོང་གི་ལཱ་ཚུ་ འགོ་དཔོན་གཞན་ཚུ་ལུ་ བྱིན་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ ཌོག་ཊར་དང་ མཁས་མཆོག་མ་ལང་པའི་དཀའ་ངལ་དེ་ རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་ཨིནམ་སྦེ་ བཀོད་ཡོདཔ་ད་ གསོ་བའི་ལས་བྱེདཔ་དགོངས་ཞུ་འབད་མི་དེ་ འཕྲོ་མཐུད་དེ་ར་ཡོདཔ་ལས་ ད་ལྟོ་ཡོད་པའི་ ཌོག་ཊར་དང་ སྨན་གཡོགཔ་ཚུ་ལུ་ ལཱ་གི་ལྕི་དྲགས་ཕོག་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
གསོ་བའི་ཌོག་ཊར་ཚུ་གི་ ལྕོགས་གྲུབ་གཞི་བཞག་གཞི་བཀོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༩ ཟླ་༡༡ པའི་ནང་ རྒྱལ་ཁབ་ནང་ ཌོག་ཊར་༣༠༩ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ རྫོང་ཁག་སྨན་ཁང་ཚུ་ནང་ ཡོདཔ་ཨིན་པས།
ཨིན་རུང་ ཌོག་ཊར་གྱི་གྱངས་ཁ་༢༧༡ མར་བབས་སོང་སྟེ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༤ ལུ་ ཌོག་ཊར་༡༠༨ མ་ལང་པར་ ཡོདཔ་ཨིན་པས།
གསོ་བའི་ལས་བྱེདཔ་ཚུ་ལུ་ ལཱ་ལྕི་དྲགས་ཕོག་མི་དེ་གིས་ གསོ་བའི་ལམ་ལུགས་ནང་ འབྱེམ་ཕོག་སྟེ་ཡོདཔ་བཞིན་དུ་ གསོ་བའི་ལས་བྱེདཔ་ཚུ་ཡང་ ཐབས་ར་མེད་པར་ དགོངས་ཞུ་འབད་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
གསོ་བའི་ལས་བྱེདཔ་དགོངས་ཞུའི་སྙན་ཞུ་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་ཏེ་ སྤྱིར་སྙོམས་གསོ་བའི་ལས་བྱེདཔ་ དགོངས་ཞུ་འབད་མིའི་ཚད་གཞི་དེ་ བརྒྱ་ཆ་༤ ཡོདཔ་ཨིན་པས།
དུས་ཅི་ ཌོག་ཊར་དགོངས་ཞུ་འབད་མི་དེ་ བརྒྱ་ཆ་༩ དང་ གསོ་བཅོས་ཌོག་ཊར་བརྒྱ་ཆ་༧ དེ་ལས་ སྨན་གཡོགཔ་དགོངས་ཞུ་ བརྒྱ་ཆ་༢༠ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་དང་ སྨན་བྱིན་མི་ དེ་ལས་ གསོ་བའི་ལས་བྱེདཔ་གཞན་ཚུ་གི་ དགོངས་ཞུའི་གནས་ཚད་ བརྒྱ་ཆ་༩ ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གི་བར་འཛུལ།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་སྤྱི་ཞིབ་འཚོལ་ནང་ ཌོག་ཊར་ཚུ་གིས་ གསོ་བའི་སྨན་བཅོས་ལེགས་ཤོམ་བྱིན་དོ་ཡོདཔ་སྦེ་ བརྡ་མཚོན་སྟོན་ཡོདཔ་ད་ ཁོང་གིས་ བདག་སྐྱོང་གི་ལཱ་ཚུ་ ལག་ལེན་འཐབ་པའི་སྐབས་ ཞབས་ཏོག་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ གསོ་བའི་ཁྱད་རིགཔ་༤༥༠ཡོད་མི་ལས་༢༢ ཀྱིས་ བདག་སྐྱོང་གི་ ལཱ་འབད་དེ་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ རྒྱབ་སྣོན་བཀོད་མི་ཚུ་ཡང་ ལག་ལེན་འཐབ་སྟེ་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ རྒྱབ་སྣོན་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ལུ་ ཞལ་འཛོམས་ཚུ་ཡང་ མང་རབས་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
འཆར་གཞི་ཚུ་ བཟོ་བའི་ཤུལ་ལས་ ཐག་གཅད་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཕུལ་ནི་ཨིན་ཟེར་ གསོ་བ་བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།