༉ རྒྱལ་ཁབ་ནང་ ཏམ་ཁུ་ནང་འདྲེན་དང་ ལག་ལེན་འཐབ་མིའི་གྱངས་ཁ་ ཡར་སེང་སོང་མི་དང་འབྲེལ་ གསོ་བ་ལྷན་ཁག་གིས་ ཏམ་ཁུའི་ཚད་འཛིན་ དམ་དམ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལྷན་ཁག་གི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༤ ལུ་ དམིགས་བསལ་དུ་ རྒྱ་གར་ལས་ ཏམ་ཁུ་ནང་འདྲེན་ཡར་སེང་སོང་སྟེ་ཡོདཔ་ལས་ གསོ་བ་ལྷན་ཁག་ནང་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ ནག་ཚོང་བཀག་ཐབས་ཀྱི་དོན་ལུ་ ཁྲིམས་མཐུན་ཐོག་ལས་ ཏམ་ཁུ་ནང་འདྲེན་གནང་བའི་བར་ན་ གསལ་ཏོག་ཏོ་ཅིག་ བཟོ་དགོ་པའི་ཁར་ ཏམ་ཁུ་ལག་ལེན་གྱི་ ཉེན་ཁ་ཡོད་མི་ སེལ་ཐབས་ལུ་ མི་མང་གསོ་བའི་སྲིད་བྱུས་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཏམ་ཁུ་ནང་འདྲེན་ ཡར་འཕར་འགྱོ་བའི་སྐབས་ དཔལ་འབྱོར་དང་འབྲེལ་བའི་ ཁེ་ཕན་ཡོད་རུང་ གསོ་བའི་འཕྲོད་བསྟེན་ལུ་ མ་གནོདཔ་ཅིག་སྦེ་ འཛིན་སྐྱོང་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
སྤྱི་ལོ་༢༠༢༠ ལས་ དུས་ཅི་ཟླ་༦ གི་བར་ན་ འབྲུག་གིས་ དངུལ་ཀྲམ་ས་ཡ་༥༣༡ གནས་པའི་ ཏམ་ཁུ་སི་ག་རིཊསི་ནང་འདྲེན་འཐབ་མིའི་གྲས་ལས་ དངུལ་ཀྲམ་ས་ཡ་༥༡༡ གནས་པའི་ཏམ་ཁུ་དེ་ རྒྱ་གར་དང་ དངུལ་ཀྲམ་ས་ཡ་༡༩ གནས་པའི་ ཏམ་ཁུ་ཚུ་ རྒྱལ་ཁབ་གཞན་ལས་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
ཏམ་ཁུ་དེ་ཚུ་གི་ ནང་འདྲེན་གནས་གོང་དེ་ དངུལ་ཀྲམ་ཐེར་འབུམ་༡.༥༢༤ ལུ་ ལྷོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༡.༤ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ ནང་འདྲེན་འཐབ་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ སྤྱི་ལོ་༢༠༢༤ ལོ་ཕྱེད་ནང་འཁོད་ལུ་ར་ དངུལ་ཀྲམ་ས་ཡ་༣༣༧ གནས་པའི་ ཏམ་ཁུ་ནང་འདྲེན་ འཐབ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ ནང་འཁོད་ལུ་ རྒྱ་གར་ལས་མིན་པའི་ རྒྱལ་ཁབ་གཞན་ཚུ་ལས་ ཏམ་ཁུ་སི་ག་རིཊསི་ ནང་འདྲེན་འཐབ་མི་དེ་ ཡར་འཕར་སོང་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་༡༤ གནས་པའི་ ཏམ་ཁུ་མཁོ་སྒྲུབ་ཡོདཔ་བཞིན་དུ་ འདས་ལོ་༣ ནང་འཁོད་ལུ་ རབརྒྱ་ཆ་༢༢༣.༧༥ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
འབྲུག་ལུ་ ཏམ་ཁུ་བཀྲམ་སྤེལ་དེ་ སྣ་མང་ཅན་གྱི་སྦེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ མི་མང་གསོ་བའི་ གནོད་སྐྱོན་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ འཕྲོ་མཐུད་ར་ དྲནམ་བཏོན་དགོཔ་ ཁག་ཆེ་ནི་ཨིན་པས།
རྒྱལ་ཡོངས་གསོ་བའི་བརྟག་ཞིབ་སྙན་ཞུ་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ ཏམ་ཁུ་ལུ་བརྟེན་ འབུ་ནད་མེད་པའི་ ནད་གཞི་ཐོབ་ནི་ ཉེན་ཁ་ཡོདཔ་བཞིན་དུ་ འབྲུག་ལུ་ བརྒྱ་ཆ་༦༩ དེ་ཅིག་ གནད་གཞི་དེ་ལུ་བརྟེན་ ཤི་རྐྱེན་བྱུང་དོ་མི་ལུ་བརྟེན་ གསོ་བ་ལྷན་ཁག་གིས་ ཏམ་ཁུ་ཚོང་འབྲེལ་དེ་ དམ་དམ་སྦེ་ ཚད་འཛིན་འབད་ནི་ འཆར་གཞི་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཏམ་ཁུ་ཚད་འཛིན་ཐབས་ལམ་ཡར་དྲག་དང་ ཏམ་ཁུ་བཀག་ཐབས་ལས་རིམ་རྒྱ་སྐྱེད་ དེ་ལས་ ཏམ་ཁུ་ལག་ལེན་འཐབ་པའི་སྐབས་ ཉེན་ཁ་གི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ནི་ཚུ་ ཡར་སེང་དང་ ཏམ་ཁུ་ཁྲལ་གྱི་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་འོང་ཟེར་ཨིན་པས།
ལས་རིམ་དེ་གིས་ དམིགས་བསལ་ སྤྱིར་བཏང་མི་རློབས་དང་ ཉེན་ཁ་ཅན་གྱི་ མི་སྡེ་ཚུ་དང་གཅིག་ཁར་ ཏམ་ཁུ་ལག་ལེན་འཐབ་མི་ མར་ཕབ་དང་ ཏམ་ཁུ་བཀག་དམ་ཡར་སེང་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།
གསོ་བའི་སྙན་ཞུ་ནང་ བཀོད་མིའི་ནང་ འབུ་ནད་མེད་པའི་ ནད་གཞི་གི་ དཀའ་ངལ་བསལ་ནི་ལུ་ གྲུབ་འབྲས་དེ་ཅིག་ར་ ཐོན་ཏེ་མེདཔ་ད་ དམིགས་བསལ་དུ་ སྤྱི་ལོ་༢༠༢༡ ལུ་ ཏམ་ཁུའི་བཅའ་ཁྲིམས་འཕྲི་སྣོན་འབད་མི་ལུ་བརྟེན་ ཏམ་ཁུ་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་མི་ཚུགས་མི་ལུ་ གསོ་བ་ལྷན་ཁག་གིས་ དང་ལེན་འབད་དགོཔ་འདུག་ཟེར་ཨིན་པས།
ཏམ་ཁུ་དམ་སྒྲིང་ ལོག་འབད་མི་གིས་ ཏམ་ཁུ་འཇམ་ཏོང་ཏོ་ ཐོབ་མི་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་མི་ གྱངས་ཁ་མར་ཕབ་འབད་ཚུགས་ནི་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཏམ་ཁུ་ཚད་འཛིན་འབད་ནི་ལུ་ ཐབས་ལམ་སྣ་ཚོག་བཏོན་ཏེ་ཡོད་པའི་ཁར་ ད་ལྟོ་ཡོད་པའི་ ཏམ་ཁུའི་སྒྲིག་གཞི་ཚུ་ཡང་ ལོག་བསྐྱར་ཞིབ་དང་ སྒྲིང་སྒྲི་བཟོ་ནི་གི་ འོས་འབབ་ཚུ་ བལྟ་དོ་ཟེར་ཨིན་པས།
ལྷན་ཁག་གི་ འཆར་གཞི་ཡང་ ཏམ་ཁུ་མཚམས་འཛིན་ལས་རིམ་སྒྲིང་སྒྲི་དང་ ཏམ་ཁུའི་ཉེན་ཁ་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་ལས་རིམ་ཚུ་ ཡར་དྲག་གཏང་ནི་ཨིན་པས།
སྲིད་བྱུས་ཚུ་ ལག་ལེན་འཐབ་སྟེ་ ས་གནས་གཞུང་གི་ དབང་འཛིན་ཚུ་དང་ མཉམ་འབྲེལ་ཐོག་ལས་ དམ་དམ་སྦེ་ ལྟ་རྟོག་འབད་ནི་ ངེས་བརྟན་བཟོ་ནི་དང་ ཏམ་ཁུ་ལག་ལེན་གྱི་ གདོང་ལེན་ཚུ་ སེལ་ཐབས་འབད་བའི་སྐབས་ མི་མང་གི་ གསོ་བའི་འཕྲོད་བསྟེན་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
མཉམ་འབྲེལ་ལས་རིམ་གྱིས་ མི་མང་གསོ་བའི་གནོད་སྐྱོན་ མར་ཕབ་འབད་ནི་དང་ སྤྱིར་བཏང་ མི་སྡེ་གསོ་བའི་གྲུབ་འབྲས་ཡར་དྲག་གཏང་ནི་གི་ ཁས་བླངས་ཚུ་ གསལ་སྟོན་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ ཏམ་ཁུ་བཅའ་ཁྲིམས་འཕྲི་སྣོན་འབད་མི་གིས་ ནད་ཡམས་སྐབས་ ཏམ་ཐུ་ནག་ཚོང་འཐབ་མི་གི་ དཀའ་ངལ་སེལ་ཐབས་འབད་ཡོདཔ་ཨིན་པས།
མ་གཞི་ འབྲུག་རྒྱལ་ཁབ་འདི་ ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་འཐབ་མི་ཚུ་ རྩ་མེད་གཏང་ནིའི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་ རྒྱལ་ཁབ་ཅིག་མེན་རུང་ ལྷན་ཁག་གིས་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ བསྟར་སྤྱོད་ཀྱི་ ཐབས་བྱུས་ཚུ་ ཡར་དྲག་གཏང་ནི་ལུ་ གྲ་སྒྲིག་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཐབས་བྱུས་དེ་ཚུ་གིས་ དམིགས་བསལ་དུ་ ཉེན་ཁ་ཅན་གྱི་ མི་རློབས་ཚུ་གི་ནང་འཁོད་ལུ་ ཏམ་ཁུ་འཐུང་མི་གི་ཚད་གཞི་མར་ཕབ་འབད་ནིའི་དོན་ལུ་ དམིགས་གཏད་ཅན་གྱི་ ལས་རིམ་ཚུ་གི་ཐོག་ལས་ མི་མང་གསོ་བའི་ ཉེན་སྲུང་འབད་ནི་དང་ ཁྲིམས་འགལ་གྱི་ལཱ་ཚུ་ བཀག་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།