༉ སྤྱི་ལོ་༢༠༢༣ གྱི་ རྒྱལ་ཡོངས་གསོ་བའི་ཞིབ་དཔྱད་སྙན་ཞུ་ནང་ འབྲུག་པའི་མི་ཁུངས་བརྒྱ་ཆ་༦.༨ དབང་པོ་སྐྱོན་ཅན་སྦེ་ཡོད་མི་དེ་ མི་རློབས་༤༨,༣༢༥ དེ་ཅིག་ཡོདཔ་ད་ དེ་གི་གྲངས་སུ་ ཨ་ལོ་སྐྱེས་ལོ་༥ མན་ཆད་འབད་མི་ཚུ་མེདཔ་ཨིན་པས།
བརྡ་བརྒྱུད་ཞལ་འཛོམས་ཐེངས་༨ པའི་སྐབས་ལུ་ གསོ་བ་བློན་པོ་རྟ་མགྲིན་དབང་ཕྱུག་གིས་ གཞུང་གི་ཁ་ཐུག་ལས་ མི་སྡེ་ཡོངས་ཚང་ལུ་ ཁས་བླངས་ཚུ་འབད་ཡོདཔ་སྦེ་ཨིན་པས།
བློན་པོ་རྟ་མགྲིན་དབང་ཕྱུག་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ དགོས་མཁོའི་གནད་དོན་ གསལ་སྟོན་འབད་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གི་ བསྐྱར་ཞིབ་སྙན་ཞུ་འབད་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་ ཚུད་དེ་ཡོདཔ་སྦེ་ཨིན་པས།
སྤྱི་ཟླ་༦ པའི་ནང་ གཙོ་རིམ་ཅན་གྱི་ གྲོས་འདེབས་དེ་ཡང་ ཤེས་རིག་དང་ དཔལ་འབྱོར་ དེ་ལས་ གསོ་བ་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་མི་དེ་ གོ་སྐབས་ཅིག་ཨིནམ་ད་ ད་རེསའཕྲལ་ཁམས་ཀྱི་ མིའི་ཐོབ་དབང་དང་སྦྲགས་ དབང་པོ་སྐྱོན་ཅན་ཚུ་གི་ གྲོས་འཛོམས་ནང་ འབྲུག་གིས་ སྤྱི་ལོ་༢༠༢༥ ལུ་ ཡུ་ཨེན་ནང་ ཡར་ཐོན་གྱི་སྙན་ཞུ་ཚུ་ འབད་དགོཔ་སྦེ་ཨིན་པས།
བློན་པོ་གིས་ ནན་བསྐྱར་དུ་བཤད་མིའི་ནང་ ལྷན་ཁག་གིས་ གསོ་བའི་མཐའ་སྐྱོང་དང་ སྔ་གོང་ལས་ འབྲེལ་ཞུགས་འབད་ནི་ དེ་ལས་ མཉམ་འབྲེལ་ཐོག་ལས་ དབང་པ་སྐྱོན་ཅན་ཚུ་ལུ་ དམིགས་ཡུལ་བསྐྱེད་ནི་ཚུ་ ཨིན་ཟེར་ཨིན་པས།
གསོ་བ་ལྷན་ཁག་གི་ གཙོ་རིམ་ཅན་གྱི་དམིགས་གཏད་ཅིག་དེ་ དབང་པོ་སྐྱོན་ཅན་ཚུ་ ཧ་སུ་སྦེ་ངོས་འཛིན་འབད་ནི་དང་ སྔོན་འགོག་འབད་ནི་ཚུ་ ཨིན་ཟེར་ཨིན་པས།
འབྲུག་ཨ་ལོ་གོང་འཕེལ་དབྱེ་ཞིབ་ལག་ཆ་ཟེར་མི་དེ་ ད་ལས་ཕར་ ཨའི་དང་ ཨ་ལོ་གསོ་བའི་ལག་དེབ་ཀྱི་ཆ་ཤས་སྦེ་ ཨ་ལོ་སྐྱེས་ལོ་༥ ཚུན་ལུ་ གདོང་ལེན་བྱུང་ཡོད་མི་ཚུ་ནང་ འབྲེལ་བ་འཐབ་ཐོག་ལས་ འབད་ནི་ཨིན་ཟེར་ཨིན་པས།
བློན་པོ་གིས་ འབད་བ་ཅིན་ འབྲེལ་ཞུགས་ཚུ་ ཧ་སུ་སྦེ་་འབད་ཚུགས་པ་ཅིན་ ལེགས་ཤོམ་ཨིན་མས་ཟེར་ཨིནམ་ད་ ལས་རིམ་ཚུ་ནང་ ཨ་ལོ་གསར་སྐྱེས་ཚུ་ལུ་ རྣམ་ཅོག་དང་ མིག་ཏོ་ཚུ་ཞིབ་དཔྱད་འབད་དེ་ གོ་ཚུགས་ནི་དང་ མཐོང་ནི་ཚུ་ ཆུང་ཀུའི་བསྒང་ལས་ བཅོ་ཁ་རྐྱབ་ནི་དེ་ ཨིན་ཟེར་ཨིན་པས།
ལྷན་ཁག་གིས་ རྫོང་ཁག་༡༠ ནང་ ཨ་ལོ་༧༨,༠༠༠ ལུ་ ཉན་ནི་དང་ གོ་ནི་ བློ་སླབ་ནིའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ལུ་ སྔ་གོང་ལས་ རྣམ་ཅོག་གོ་ཚུགསཔ་སྦེ་ ངོས་འཛིན་འབད་ནི་དང་ རྣམ་ཅོག་གི་འཕྲུལ་ཆས་ཚུ་ཡང་ དགོས་མཁོ་ཅན་ཚུ་ལུ་ གྲོགས་རམ་སྦེ་ བྱིན་ནི་ཨིན་ཟེར་ཨིན་པས།
ད་ཚུན་གྱི་ནང་འཁོད་ལུ་ ངོ་རྐྱང་༡༥༢ ཀྱིས་ གྲོགས་རམ་མཐུན་རྐྱེན་ཚུ་ཐོབ་ཡོདཔ་ད་ མི་༩ རྒྱབ་སྐྱོར་གྱི་ཐོག་ལས་ གཤག་བཅོས་ཚུ་འབད་ཡི་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལས་བྱེདཔ་སྦྱོང་བརྡར་གྱི་དོན་ལུ་ འཆར་དངུལ་དངུལ་ཀྲམ་ས་ཡ་༠.༨ བཞག་ཅི་ཟེར་ཨིནམ་ད་ དེ་གུ་ལུ་ ཧེང་སྐལ་དངུལ་ཀྲམ་ས་ཡ་༡.༦ དེ་ རྣམ་ཅོག་དང་འབྲེལ་བའི་ ཞབས་ཏོག་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
དངུལ་ཀྲམ་ས་ཡ་༨.༢ གསོ་བའི་ལས་བྱེདཔ་ཚུ་ སྦྱོང་བརྡར་བྱིན་ནི་དོན་ལུ་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
ད་རུང་ དངུལ་ཀྲམ་ས་ཡ་༡༠༠ རྣམ་ཅོག་དང་འབྲེལ་བའི་ སྨན་ཁང་ནང་ སྐྱེལ་འདྲེན་ལ་སོགས་པའི་ དགོས་མཁོ་ཆེ་བའི་མཐུན་རྐྱེད་གྱི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
གཞན་ཡང་ དངུལ་ཀྲམ་ས་ཡ་༣ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནིའི་ནང་ བཞག་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement