༉ རྒྱ་གར་གྱི་ གསོ་བའི་ཞིབ་འཚོལ་ཚོགས་སྡེ་གིས་ ཀར་ན་ཊ་ཀ་ལུ་ དུས་རྒྱུན་གྱི་ བརྟག་དཔྱད་འབད་བའི་སྐབས་ མི་༢ ལུ་ ཧིའུ་མཱན་ མེ་ཊ་ནིའོ་མོ་ནད་འབུབ་ཟེར་མི་ ནད་འབུབ་གསརཔ་ཐོབ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
ནད་གཞི་ཐོབ་མི་༢ ཆ་ར་ ཟླཝ་༡༠ མན་ཆད་འབད་མི་ ཨ་ལུ་རྨས་སྐྱེས་ཨིནམ་བཞིན་དུ་ ད་རེས་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ ཟླཝ་༣ ལང་མི་ ཨ་ལུ་བུམོ་དེ་ ཁྱིམ་ནང་བཏང་ཡོདཔ་ད་ ཟླཝ་༨ ལང་མི་ ཨ་ལུ་བུ་དེ་ ད་རེས་ དྲག་པའི་བསྒང་ཡོདཔ་ཨིན་པས།
རྒྱ་གར་གྱི་ བརྡ་བརྒྱུད་ནང་ གུ་ཇ་རཱཊ་ལུ་ཡང་ མི་ཅིག་ལུ་ ནད་གཞི་ཐོབ་ཡོདཔ་སྦེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ནད་གཞི་ཐོབ་པའི་སྐབས་ ནད་རྟགས་དེ་ ཚ་རིམས་ཐོབ་བཟུམ་ ཐོན་དོ་ཡོདཔ་བཞིན་དུ་ ན་གཞོན་ཨ་ལུ་དང་ ལོ་ན་རྒས་མི་ དེ་ལས་ ནད་ཐུབ་མེད་པའི་མི་ཚུ་ལུ་ འཐོབ་ནིའི་ཉེན་ཁ་ཡོདཔ་ད་ དེ་གིས་ གློའི་ཚད་ནད་དང་ གློ་ཚད་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ མེ་ཊ་ནིའོ་མོ་ནད་འབུབ་ཐོབ་ད་ གློ་འབར་ནི་དང་ དྲོད་འབར་རྐྱབ་ནི་ ལྷ་པ་བསུབ་ནི་ ལྷ་ཆུ་འཐོན་ནི་ དེ་ལས་ དབུགས་གཏོང་ལེན་དང་འབྲེལ་བའི་ དཀའ་ངལ་ཚུ་བྱུང་དོ་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ནད་གཞི་བཀག་ཐབས་ལུ་ ཁྱིམ་ནང་སྡོད་ནི་དང་ གློ་འབར་འབད་བའི་སྐབས་ ཁ་བསུབ་ནི་ ཁ་རས་ལག་ལེན་འཐབ་ནི་ དེ་ལས་ གཙང་སྦྲ་བསྟེན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
རྒྱ་གར་གྱི་ གསོ་བའི་ཞིབ་འཚོལ་ཚོགས་སྡེའི་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ཚོགས་སྡེ་གིས་ རྒྱ་གར་རྒྱལ་ཁབ་ནང་ དབུགས་གཏོང་ལེན་དང་འབྲེལ་བའི་གནད་དོན་ཚུ་ ལྟ་རྟོག་གི་ ཆ་ཤས་ལས་རིམ་ཅིག་སྦེ་ བརྟག་དཔྱད་འབད་བའི་སྐབས་ ནད་གཞི་དེ་ ཐོབ་ཡོདཔ་སྦེ་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ ད་ལྟོའི་ ཚོགས་སྡེ་དང་ ནད་གཞི་བརྟག་དཔྱད་གཅིག་སྒྲིག་འབྲེལ་མཐུད་ལས་རིམ་གྱིས་ བཀོད་མིའི་ནང་ ད་རེས་ རྒྱ་གར་ལུ་ དབུགས་གཏོང་ལེན་གྱི་ ནད་གཞི་ཚུ་ རྒྱ་གར་ལུ་ དར་ཁྱབ་འགྱོ་བའི་ སྙན་ཞུ་ཚུ་ མེད་ཟེར་ཨིན་པས།
འབྲུག་གི་གནས་སྟངས།
གསོ་བ་ལྷན་ཁག་དང་འཁྲིལ་བ་ཅིན་ ཁ་ཙ་ཚུན་ཚོད་ འབྲུག་ལུ་ མེ་ཊ་ནིའོ་མོ་ནད་འབུབ་ཐོབ་ཡོད་པའི་ སྙན་ཞུ་མེདཔ་ད་ ལྷན་ཁག་གིས་ སྤྱི་ཟླ་༡ པའི་ཚེས་༤ ལུ་ ཁྱབ་བསྒྲགས་ཅིག་བཏང་མིའི་ནང་ གསོ་བ་ལྷན་ཁག་གིས་ རྒྱལ་ཁབ་ནང་ ནད་གཞི་འཐོབ་ནིའི་ ཉེན་ཁ་དེ་ཅིག་ར་ མེདཔ་བཞིན་དུ་ ནང་འཁོད་དང་ ཕྱི་རྒྱལ་ཁབ་༢ རའི་ནང་ ནད་གཞི་གི་ གནས་སྟངས་དམ་དམ་སྦེ་ར་ ལྟ་རྟོག་འབད་དོ་ཟེར་ཨིན་པས།
རྒྱལ་འཛིན་ནད་གཞི་བཀག་ཐབས་ལྟེ་བ་གིས་ རྒྱལ་ཡོངས་དབུགས་གཏོང་ལེན་ནད་འབུབ་ཉེན་སྲུང་ བརྟག་དཔྱད་ཚུ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྨན་ཁང་ཚུ་ལས་ དཔེ་ཚད་དང་སྦྲགས་ཏེ་ དགོས་མཁོ་ཅན་གྱི་བརྡ་དོན་ཚུ་ བསྡུ་ལེན་འབད་ཡོདཔ་ད་ ཚ་རིམས་བཟུམ་ན་ནི་དང་ ཚ་རིམས་ཀྱིས་ ཤུགས་སྦེ་ན་མི་གི་ གནད་སྡུད་ཚུ་ བདུན་ཕྲག་རེ་སྦེ་ ཡོངས་འབྲེལ་ལམ་ལུགས་ཐོག་ལས་ བསྡུ་ལེན་འབད་ཡོདམ་ཚད་ དཔེ་ཚད་ཚུ་ བརྟག་དཔྱད་ཀྱི་དོན་ལུ་ ལུང་ཕྱོགས་པི་སི་ཨར་ཚུ་ནང་ བཏང་ཡོདཔ་ཨིན་པས།
ད་རེས་ དཔེ་ཚད་ཚུ་ ཨར་ཊི་-པི་སི་ཨར་འཕྲུལ་རིག་ ལག་ལེན་ཐོག་ལས་ སཱརསི་ སི་ཨོ་ཝི་༢ དང་ ཚ་རིམས་ དེ་ལས་ དབུགས་གཏོང་ལེན་གྱི་ནད་གཞི་ཚུ་ ཐོབ་ཡོད་མེད་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ བཀོད་མིའི་ནང་ སྤྱི་ཟླ་༡༢ པ་ལས་༢༩ པའི་ནང་འཁོད་ལུ་ དཔེ་ཚད་༥༦ དེ་ཅིག་ བསྡུ་ལེན་འབད་མིའི་གྲས་ལས་ མི་ངོམ་༡༡ ལུ་ ཚ་རིམས་དང་ མི་༣ ལུ་ སཱརསི་ སི་ཨོ་ཝི་༢ ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ད་ ད་རེས་ རྒྱལ་ཁབ་ནང་ ཚ་རིམས་དར་ཁྱབ་ཡོད་པའི་ སྙན་ཞུ་མེདཔ་ཨིན་པས།
མ་གཞི་ གསོ་བ་ལྷན་ཁག་ལུ་ ཨར་ཊི་-པ་སི་ཨར་དང་ ནད་གཞི་བལྟ་ནི་གི་ ལྕོགས་གྲུབ་ཡོད་རུང་ ད་རེས་ མེ་ཊ་ནི་མུ་ཝའི་རེསི་ བརྟག་དཔྱད་འབད་ནི་ རྫས་སྦྱོར་མེདཔ་ཨིན་པས།
ཨིན་རུང་ གལ་སྲིད་གནས་སྟངས་དེ་ ཡར་འཕར་འགྱོ་བ་ཅིན་ ལྷན་ཁག་གིས་ མེ་ཊ་ནིའོ་མོ་བའེ་རཱསི་བརྟག་དཔྱད་འབད་ནི་གི་ དགོས་མཁོ་ཅན་གྱི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནི་ལཱ་ཚུ་འབད་ཡོདཔ་ཨིན་པས།
མེ་ཊ་ནིའོ་མོ་ནད་འབུབ་ འཚོ་ཐབས་དུས་ཡུན་དེ་ ཉིནམ་༣ དང་༦ ཚོད་དཔག་འབད་དེ་ཡོདཔ་ད་ ན་ཚ་དེ་ ཚབས་ཆེ་ཧིང་དང་འཁྲིལ་ཏེ་ འགྱོ་ནི་ཨིན་རུང་ ནད་འབུབ་ལུ་བརྟེན་ཐོབ་མི་ དབུགས་གཏོང་ལེན་ནད་གཞི་བཟུམ་ཨིན་པས།

འཛམ་གླིང་གི་ཚ་གྱང་།
འཛམ་གླིང་གི་ གསོ་བའི་མཁས་མཆོག་ཚུ་གིས་ མེ་ཊ་ནིའོ་མོ་ནད་འབུབ་དེ་ ནད་ཡམས་ཀོ་བིཌ་-༡༩ བཟུམ་སྦེ་ དར་ཁྱབ་འགྱོ་ནིའི་ ཉེན་ཁ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
ནད་གཞི་དེ་ འཇམ་ཏོང་ཏོ་སྦེ་ དར་ཁྱབ་འགྱོ་དོ་ཡོདཔ་ད་ ད་རེས་ ནད་གཞི་གི་དོན་ལུ་ སྨན་བཅོས་དང་ སྨན་མེདཔ་བཞིན་དུ་ སྨན་ཁབ་ཀྱི་དོན་ལུས་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
རྒྱལ་སྤྱིའི་སྙན་ཞུ་དང་འཁྲིལ་བ་ཅིན་ འགྲོ་འགྲུལ་པ་ཚུ་ ད་རེས་སྐབས་ཅིག་ རྒྱ་ནག་ བི་ཇིང་ལུ་ འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་གི་མགྲིན་ཚབ་ མའོ་ ནིང་གིས་ སླབ་མིའི་ནང་ དབུགས་གཏོང་ལེན་གྱི་ནད་གཞི་དེ་ གནམ་དགུན་གྱི་སྐབས་ མང་སུ་སྦེ་ དར་ཁྱབ་འགྱོཝ་མས་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་ནག་ལུ་ ནད་གཞི་ཁྱབ་སྤེལ་འགྱོ་བའི་སྐོར་ལས་ ག་ནི་ཡང་ གསལ་བསྒྲགས་འབད་དེ་མེད་པའི་ཁར་ འཛམ་གླིང་གསོ་བའི་ལས་ཚོགས་དང་ ཡང་ཅིན་ རྒྱ་ནག་ལས་ གློ་བུར་གསལ་བསྒྲགས་ཡང་ འབད་དེ་མེདཔ་ཨིན་པས།
ཨིན་རུང་ མི་སྡེ་བརྡ་བརྒྱུད་ཚུ་ གློག་བརྙན་ཐུང་ཀུ་ དར་ཁྱབ་སོང་མི་དང་འཁྲིལ་བ་ཅིན་ རྒྱ་ནག་གི་ སྨན་ཁང་ནང་ ཀོ་བིཌ་-༡༩ བཟུམ་སྦེ་ ཚ་རིམས་ཐོབ་མི་དང་ མེ་ཊ་ནིའོ་མོ་ནད་འབུབ་ཐོབ་མི་ཚུ་གིས་ ཁྱབ་སྟེ་ཡོདཔ་ཨིན་པས།
མེ་ཊ་ནིའོ་མོ་ནད་འབུབ་དེ་ རྒྱལ་ཁབ་མང་ཤོས་ཅིག་ནང་ སྙན་ཞུ་འབད་དེ་ཡོདཔ་ད་ ནི་དར་ལེནཌི་ལུ་ མི་༢,༠༠༡ གིས་ ནད་གཞི་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ནད་གཞི་དེ་ གནམ་གཤིས་བསིལ་དྲགས་སྐབས་ལུ་ དར་ཁྱབ་འགྱོ་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement