༉ སྤྱི་ཟླ་༥ པའི་ཚེས་༢༥ གི་ དྲོ་པའི་ཆུ་ཚོད་༡༡.༣༠ ལུ་ ཐིམ་ཕུག་ལུ་ ཚ་དྲོད་ཆེ་བའི་ནང་ གོ་ལ་གོ་ལ་བྷུ་ཊཱན་སྡེ་ཚན་ཅིག་ ཨོ་ལ་ཁ་ལུ་ ལྷོད་ཡོདཔ་ཨིན་པས།
ཕད་ཙི་སྦོམ་ཅིག་འབག་མི་ ཨམ་སྲུ་ཅིག་ སྣུམ་འཁོར་བཞག་སར་ ལྷོད་ཡོདཔ་ད་ གོ་ལ་གོ་ལ་བྷུ་ཊཱན་གྱི་ འཐུས་མི་ཅིག་གིས་ ད་རེས་ ངལ་གསོའི་ནང་ ཉིམ་ཚ་ཡི་མོ་ལགས་ཟེར་ སླབ་ཡོདཔ་ཨིན་པས།
ཨམ་སྲུ་དེ་གིས་ ཁྱེད་ཆ་ཁྱབ་ཀྱིས་ རྒྱབ་སྐྱོར་སྦོམ་འབདཝ་མས་ཟེར་ སླབ་ཐོག་ལས་ གོ་ལའི་ཕད་ཙི་དེ་ ངེ་གི་ཁྱིམ་ནང་ ཟླཝ་སྦེ་སྡོད་ཡོདཔ་བཞིན་དུ་ ག་ཏེ་ལུ་ གྲོགས་རམ་བྱིན་ནི་ཨིན་ན་ མ་ཤེས་པར་ སྡོད་ཅི་ཟེར་ཨིན་པས།
གོ་ལ་གོ་ལ་བྷུ་ཊཱན་གྱི་ ན་གཞོན་སྡེ་ཚན་ཅིག་གིས་ གོ་ལ་རྙིངམ་ཚུ་ བསྡུ་ལེན་འབད་དེ་ གྲོང་གསེབ་མི་སྡེ་ཚུ་ལུ་ གྲོགས་རམ་འབད་དོ་ཡོདཔ་ད་ སྡེ་ཚན་གྱི་དམིགས་ཡུལ་དེ་ གོ་ལ་དང་འབྲེལ་བའི་ དཀའ་ངལ་ཡོད་མི་དང་ མེད་མིའི་བར་ན་ ཁྱད་པར་བསུབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གོ་ལ་བཟོ་གྲྭ་ཁང་ཚུ་གིས་ བཙོག་གྲིབ་བསལ་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབད་དོ་ཡོདཔ་བཞིན་དུ་ འཛམ་གླིང་ནང་ ནག་རྫས་ཐོན་རླུང་བརྒྱ་ཆ་༡༠ ཐོན་སྐྱེད་འབད་དོ་ཡོད་པའི་ཁར་ ལོ་བསྟར་ཐགས་རས་ཆ་༨༥ བཀོག་དོ་ཡོདཔ་ཨིན་པས།
བོ་གུ་ཚོང་འབྲེལ་དང་འཁྲིལ་བ་ཅིན་ སྤྱི་ཟླ་༢༠༠༠ དང་༢༠༢༢ ཀྱི་བར་ན་ འཛམ་གླིང་རྒྱུན་ཐག་ཐོན་སྐྱེད་དེ་ མེ་ཊིག་ཊཱོན་ས་ཡ་༥༨ ལས་༡༡༦ ལུ་ ཡར་སེང་འབད་ཡོདཔ་ད་ ཀོའི་ཊསི་རྒྱལ་སྤྱི་༢༠༡༨ དང་འཁྲིལཝ་ད་ བཙོག་རླུང་དེ་ཡང་ གཙོ་བོ་ར་ གོ་ལ་ཚུ་ སྐམ་མི་དང་ སྐུདཔ་གྲ་སྒྲིག་ རྒྱུན་ཐག་ལ་སོགས་པ་ལུ་བརྟེན་ ཐོན་དོ་ཡོདཔ་ཨིན་པས།
གོ་ལ་གོ་ལ་བྷུ་ཊཱན་གྱི་གཙོ་འཛིན་ ཕུན་ཚོགས་དབང་ཕྱུག་རིག་འཛིན་གྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ གོ་ལའི་ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ཨིནམ་ད་ ཁྱིམ་མང་ཤོས་ཅིག་ནང་ གོ་ལ་ལེགས་ཤོམ་ཚུ་ ཕད་ཙི་ནང་བཙུགས་བཞག་སྟེ་ ག་ཏེ་བསྐྱལ་ནི་ཨིན་ན་ མ་ཤེས་པར་ སྡོདཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་མི་ཚུ་གིས་ མཐའ་འཁོར་གནས་སྟངས་དང་ སྙིང་རྗེ་ དེ་ལས་ མི་ཚུ་དང་འབྲེལ་མཐུན་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ད་ ལ་ལོ་ཅིག་ལུ་ གོ་ལ་ཚུ་ ལྷག་ཐེབས་ལེ་ཤ་ཡོདཔ་ད་ ལ་ལོ་ཅིག་ དགོས་མཁོ་བྱུང་སྟེ་ཡོད་མི་ཚུ་ལུ་ གོ་ལ་གོ་ལ་བྷུ་ཊཱན་གྱིས་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དགས་མཁོ་ཅན་ཚུ་ལུ་ རྒྱབ་སྐྱོར་འབདཝ་ད་ ཐོན་སྐྱེད་ལེ་ཤ་འབད་མི་དང་ གོ་ལ་ཚུ་ དགོས་མཁོ་མེདཔ་སྦེ་ བཀོག་བཏང་མི་ཚུ་ཡང་ བདག་འཛིན་འབད་དོ་ཟེར་ཨིན་པས།
མ་གཞི་ གོ་ལའི་ཕྱགས་སྙིགས་དང་འབྲེལ་བའི་ རྒྱལ་ཡོངས་ཀྱི་ གནས་སྡུད་མེད་རུང་ རྒྱལ་ཡོངས་ཕྱགས་སྙིགས་བརྟག་ཞིབ་༢༠༢༩ དང་འཁྲིལ་བ་ཅིན་ ཉིན་བསྟར་བཞིན་དུ་ ཁྱིམ་གུང་པ་ཚུ་ལས་ ཕྱགས་སྙིགས་ཀེ་ཇི་༨༡,༠༠༠ ཐོན་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ གུང་པ་བརྒྱ་ཆ་༦༥ ལུ་ ཕྱགས་སྙིགས་བསྡུ་ལེན་གྱི་ ཞབས་ཏོག་ཚུ་ཐོབ་སྟེ་ མེདཔ་ཨིན་པས།
གོ་ལ་གོ་ལ་བྷུ་ཊཱན་གྱིས་ ཁྱིམ་ཚུ་ནང་ གོ་ལའི་ཕྱགས་སྙིགས་དང་འབྲེལ་བའི་ གནད་དོན་ཚུ་ཡང་ བལྟ་དོ་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ བུམ་ཐང་ བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་༣ གྱི་ གནས་སྐབས་ཚུ་ བློ་ལྡན་གཞི་ཚོགས་ལུ་ བརྗེ་སོར་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནས་སྐབས་ཡང་ ཁྱིམ་ཚུ་ནང་ གོ་ལ་ཚུ་ ཕད་ཙི་ནང་བཙུགས་བཞག་མི་ལུ་བརྟེན་ ཐོབ་ཡོདཔ་བཞིན་དུ གནས་སྐབས་ཆ་འཇོག་འབད་དེ་ ཚོང་འབྲེལ་འགོ་བཙུགས་ནིའི་དོན་ལས་ མ་དངུལ་ དངུལ་ཀྲམ་༧,༠༠༠ ཐོབ་ཡོདཔ་ཨིན་པས།
ལས་རིམ་འགོ་བཙུགས་ཏེ་ ལོ་༢ ལང་དོ་ཡོདཔ་ད་ མཐོ་རིམ་སློབ་གྲྭ་སློབ་ཕྲུག་དང་ འཐུས་མི་༦ དེ་ལས་ ཁས་བླངས་པ་༢༠༠ ཡོདཔ་ད་ སྡེ་ཚན་གྱིས་ ད་ལྟོ་ཚུན་ཚོད་ ཀྲོང་གསར་ བེམ་སྦྱིས་དང་ ཐིམ་ཕུག་ ལྕང་ཟམ་ཏོག་ ཆུ་ཁ་དུང་ནག་ དར་དཀར་ནང་ འབྲུག་རྗེས་སྒང་ མོང་སྒར་ རྩ་ཀ་གླིང་ དེ་ལས་ སྤུ་ན་ཁ་ མཚོ་ཆགས་ས་ལུ་ གོ་ལ་ཚུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།
རེས་གཟའ་ཉིནམ་ལུ་ གོ་ལ་བསྡུ་ལེན་འབད་མི་དེ་ གོ་ལ་གོ་ལ་བྷུ་ཊཱན་གྱི་ ཤིཕཊི་དང་ སེཕ་དང་ཅིལ་ཌཱེན་ཡིག་ཚང་དང་ མཉམ་འབྲེལ་ཐོག་ལས་འབད་བའི་ ཆ་ཤས་ཀྱི་ ལས་རིམ་ཅིག་ཨིན་པས།
ཤིཕཊི་བརྡ་སྐུལ་འོག་ལུ་ སྡེ་ཚན་གྱིས་ ལྷུན་རྩེ་ལུ་ གོ་ལ་བཀྲམ་སྤེལ་དང་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་དང་གཅིག་ཁར་ མི་སྡེ་ནགས་ཚལ་ཉིནམ་ལུ་ ཤིང་བཙུགས་ནིའི་ ལས་རིམ་ཡོདཔ་ད་ གསར་ཐོན་བཟོ་བཀོད་མགྲན་བསྡུར་འབད་དེ་ གོ་ལ་ཕྱགས་སྙིགས་ཀྱི་ དཀའ་ངལ་སེལ་ཐབས་ལུ་ ཐིམ་ཕུག་ལུ་ གོ་ལ་གོ་ལ་མཛོད་ཁང་ཅིག་ འགོ་འབྱེད་ནི་གི་ ལས་རིམ་ཡང་ ཡོདཔ་ཨིན་པས།
སྐྱེལ་འདྲེན་གྱི་དོན་ལུ་ སྡེ་ཚན་གྱི་ འབྲུག་རའཊི་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ རེས་གཟའ་ཉིནམ་ ཨ་རྟག་ར་ གོ་ལ་ཚུ་ བསྡུ་ལེན་འབད་དོ་ཡོདཔ་ད་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཐིམ་ཕུག་ལས་ ངོ་རྐྱང་༡༠ དང་ སྤ་རོ་ དེ་ལས་ བུམ་ཐང་ལུ་ མི་ངོམ་༢ ལས་ གོ་ལ་ཚུ་ བསྡུ་ལེན་འབད་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲ་གི་ སློབ་ཕྲུག་འབདཝ་ལས་ གོ་ལ་གོ་ལ་གི་དང་ དཔེ་ཆ་བལྟ་ནི་ཚུ་ སྟབས་གཅིག་ཁར་ འབད་དགོཔ་བྱུང་དོ་ཡོད་རུང་ ལས་འགུལ་དེ་ ང་བཅས་རའི་ དགོས་འདོད་ཅིག་ཨིན་ཟེར་ ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་དངུལ་ཐོབ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ད་ འཕྲོ་མཐུད་དེ་ར་ ལཱ་གི་དེ་ལུ་ གྲོས་འཆར་བཙུགས་དགོཔ་བྱུང་མས་ཟེར་ཨིན་པས།
ང་བཅས་ཀྱིས་ མི་ཉམ་ཆུང་ཚུ་ལུ་ གོ་ལ་བཀྲམ་སྤེལ་འབད་བའི་སྐབས་ དགའ་བ་ཚད་མེད་བྱུང་སར་མཐོངམ་ད་ ང་བཅས་ཡང་ ཚོར་སྣང་ར་ མ་འདྲཝ་སྦེ་ བྱུངམ་མས་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement