༉ གཞུང་གིས་ རྒེད་འོག་དང་ ཁྲོམ་སྡེ་ དེ་ལས་ རྫོང་ཁག་ཚུ་ནང་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ལུ་ འཆར་དངུལ་བཞག་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ ཕྱོགས་རིས་ཡོད་པའི་ ཚ་གྱང་ཡོད་ལུགས་བཤད་མི་དེ་ གསལ་སྟོན་འབད་ཡོདཔ་སྦེ་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་འཐུས་མི་གིས་ བཤད་མིའི་ནང་ གཞུང་གིས་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ལུ་ ངལ་རངས་བྱུང་མ་ཚུགསཔ་ལས་ བསྐྱར་ཞིབ་འབད་དགོ་པའི་སྐོར་ལས་ ཡི་གུ་ཕུལ་ཡི་ཟེར་ཨིན་པས།
སྒང་ཟུར་- སྨིན་རྗེ་གི་འཐུས་མི་ བློ་གྲོས་ཚེ་བརྟན་གྱིས་ བཤད་མིའི་ནང་ གནད་དོན་དེ་གི་ཐོག་ལུ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ དེ་ཡང་ ས་གནས་གཞུང་ག་ར་གིས་ ཆ་སྙོམས་ཐོག་ལུ་སྦེ་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ འཆར་དངུལ་ཚུ་ འདྲ་མཉམ་ཐོབ་ཚུགས་ནི་དང་ རྒེད་འོག་རེ་གིས་ དངུལ་ཀྲམ་ས་ཡ་༣༤ རེ་ འཐོབ་ནི་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མི་སེར་དང་ རྒེད་འོག་ག་ར་ ད་རེས་གྲོས་ཐག་བཅད་མི་ གྲུབ་འབྲས་ལུ་བལྟ་སྟེ་ ངལ་རངས་བྱུང་ནུག་ཟེར་ཨིན་པས།
སྤྱི་ཟླ་༡༠ པའི་ནང་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་ཁ་ཐུག་ལས་ གོང་འཕེལ་ཆུང་བའི་ལས་འགུལ་ གནང་བྱིན་སྐོར་ལས་ ཚ་གྱང་ཡོད་ལུགས་ཀྱི་ ཡི་གུ་བྲིས་ཡོདཔ་བཞིན་དུ་ ཡི་གུའི་ནང་ འདེམས་ཁོངས་ཚུ་ནང་ ལྡོག་ཕྱོགས་དང་ གཞུང་སྐྱོང་བར་ན་ ཁྱད་པར་ཞུགས་འོང་ཟེར་ཨིནམ་ད་ ལྷག་པར་དུ་ཡང་ བློན་པོ་ཡོད་པའི་ འདེམས་ཁོངས་ཚུ་ལུ་ འདྲ་མཉམ་སྦེ་ གནས་མི་ཚུགས་ཟེར་ འཁོད་དེ་ཡོདཔ་ཨིན་པས།
ཡི་གུའི་ནང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ རྩ་ཚན་༩ པ་དང་འཁྲིལ་ཏེ་ མི་མང་གི་ རེ་འདོད་འགྲུབ་དགོ་མི་ལུ་བརྟེན་ འདྲ་མཉམ་དང་ དྲང་བདེན་ཐོག་ འཆར་དངུལ་ཚུ་ བགོ་བཀྲམ་འདྲ་མཉམ་ དགོཔ་སྦེ་ཡོད་ཟེར་ཨིན་པས།
ད་རུང་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ གོ་རིམ་དང་པ་དང་ རྫོང་ཁག་ཚོགས་འདུ་གིས་ ས་གནས་གཞུང་གི་དོན་ལུ་ བདེ་སྒྲིག་འབད་མི་གི་བར་ནང་ ཕྱོགས་རིས་ཕྱེ་འོང་ཟེར་ཨིནམ་ད་ དབང་ཚད་ཕྱིར་སྤེལ་གྱི་ སྲིད་བྱུས་དང་ ལུང་ཕྱོགས་གནོད་ཉེན་གྱི་ཁྱད་པར་ཚུ་ སེམས་ཁར་བཞག་དགོཔ་ཡོད་ཟེར་ཨིན་པས།
ཡི་གུ་དང་འཁྲིལཝ་ད་ འཆར་དངུལ་ཚུ་ དྭངས་གསལ་ཅན་དང་ ལུང་ཕྱོགས་དང་ མི་སྡེ་ག་ར་ལུ་ ཁྱབ་ཚུགས་པའི་ བསྐྱར་ཞིབ་འབད་དགོ་ཟེར་ ཡོདཔ་ཨིན་པས།
འཐུས་མི་ བློ་གྲོས་ཚེ་བརྟན་གྱིས་ བཤད་མིའི་ནང་ གཞུང་གིས་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ འགོ་བཙུགས་ནི་སྐོར་ལས་ ལཱ་འབདཝ་ད་ ལྡོག་ཕྱོགས་ཚོགས་པ་གིས་ ཧ་མ་གོ་ཟེར་ཨིནམ་ད་ ཨིན་རུང་ ཁོང་གིས་ ལག་ལེན་བསྟར་སྤྱོད་སྐོར་ལས་ བསྐྱར་ཞིབ་འབད་བའི་བསྒང་ལས་ དེ་ཁར་ ཆགས་དང་ཕྱོགས་རིས་ཚུ་ཡོདཔ་སྦེ་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
འཆར་དངུལ་ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༡༠ ཡོད་ས་ལས་ དངུལ་ཀྲམ་ཐེར་འབུམ་༧ དེ་ རྒེད་འོག་དང་ དངུལ་ཀྲམ་ཐེར་འབུམ་༡.༥ རེ་ རྫོང་ཁག་དང་ ཁྲོམ་སྡེ་ལུ་ བཞག་སྟེ་འདུག་ཟེར་ཨིན་པས།
སྨན་སྦིས་-བཙན་མཁར་འཐུས་མི་ བསྟན་པ་རྡོ་རྗེ་གིས་ བཤད་མིའི་ནང་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ལུ་ ཚ་གྱང་ཡོད་ལུགས་ཚུ་ གནད་དོན་ཅིག་སྦེ་ གསལ་སྟོན་འབད་མི་དེ་ཡང་ ད་ཚུན་ལུ་ ཚོགས་པ་གིས་ གནང་བྱིན་དེ་ གནད་འགག་ཅན་གྱི་ གནད་དོན་ཅིག་ཨིན་པའི་ གསལ་སྟོན་འབད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ ཞུ་བ་མ་འབད་བར་ ཁུ་སིམ་སིམ་སྦེ་ སྡོདཔ་མས་ཟེར་ སེམས་དང་མ་ལྡན་པར་ ཡོད་མི་དེ་ཡང་ ཚོགས་པའི་ཁ་ཐུག་ལས་འབད་བ་ཅིན་ རྒྱལ་ཁབ་གཅིག་ནང་ བྱ་རིམ་དང་ གོ་སྐབས་ཚུ་ གཅིག་མཚུངས་ཡོད་པའི་གནད་དོན་ལུ་ གཞི་བཟུང་འབད་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement