༉ གྱིབ་དམ་ལས་སྒྲུབ་པའི་ གོ་དང་དཀྱི་ར་ཚུ་ ཡུན་ཐུབ་ཅན་དང་ སྟབས་བདེ་དྲག་ དེ་ལས་ མཐའ་འཁོར་ལུ་ཕན་ཐོགས་ཅན་ འོང་ནི་ཨིནམ་ལས་ དེ་ཚུ་དོན་ངོ་མའི་ཐོག་ལུ་ འཕྲལ་མགྱོགས་ར་ འཐོན་ནི་ཨིན་པས།
འབྲུག་གཙང་སྦྲ་ཞི་བའི་ལས་ཚོགས་ མཐའ་འཁོར་ཉམས་སྲུང་དང་ ཕྱགས་སྙིགས་འཛིན་སྐྱོང་གིས་ རྒྱ་གར་ཤྲི་རན་ག་པོ་ལེས་ཊར་སྒེར་སྡེ་དང་ མཉམ་འབྲེལ་ཐོག་ གྱིབ་དམ་ཚུ་ གོ་ལ་ལུ་སྒྱུར་བཅོས་འབད་ནི་ ཨིན་ལུགས་ཀྱི་ ཐབས་ལམ་ཚུ་སྒྲིགཔ་ཨིན་པས།
འབྲུག་གཙང་སྦྲ་གི་ བཀོད་ཁྱབ་གཙོ་འཛིན་ དངོས་གྲུབ་ཚེ་རིང་གིས་ བཤད་མིའི་ནང་ ལས་འགུལ་དེ་ གཙོ་བོ་ར་ དཔལ་འབྱོར་གྱི་གནས་སྟངས་ལུ་ གཞི་བཀོད་འབད་དེ་ཨིན་ཟེར་ཨིནམ་ད་ ཐབས་ལམ་དེ་གིས་ གྱིབ་དམ་སྟོངམ་ཚུ་ སྐུདཔ་ལུ་སྒྱུར་ཏེ་ འབྲུག་གི་ལམ་སྲོལ་ཅན་གྱི་གོ་ལ་ གོ་དང་དཀྱི་ར་ འཐགས་བཏུབ་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
འདི་བཟུམ་གྱི་ལས་འགུལ་དེ་ སྤྱི་ལོ་༢༠༠༨ ལུ་ ཏ་མིལ་ན་དུ་ཀ་རུར་ལུ་ གྱིབ་དམ་ལས་ སྐུདཔ་ལུ་སྒྱུར་བཅོས་འབད་ནི་ལུ་ བཟོ་གྲྭ་ཁང་གཞི་བཙུགས་འབད་ཡོདཔ་ད་ ཤྲི་རན་ག་པོ་ལེས་ཊར་སྒེར་སྡེ་ གཞི་བཙུགས་འབད་མི་ ཨར་སཱན་ཀར་དང་ འཛིན་སྐྱོང་མདོ་ཆེན་ སཱན་ཐིལ་སཱན་ཀར་གཉིས་ བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ མགྲོན་བརྡ་གནངམ་བཞིན་དུ་ འབྲུག་ལུ་ལྟ་སྐོར་ལུ་ འོང་ཡོདཔ་ཨིན་པས།
བཟོ་གྲྭ་ཁང་གིས་ རྒྱལ་སྤྱིའི་ནང་ སྤྲོ་བ་བསྐྱེད་མི་དེ་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ འཕྲལ་ཁམས་ཅིག་ཁར་ བཟོ་གྲྭ་ཁང་ལས་ཐོན་སྐྱེད་འབད་མི་ ཨི་ཀོ་ལེན་ཀོ་ལོ་ཐིལ་གྱི་ གོ་ལ་ཚུ་ གྱོན་མི་ལུ་བརྟེན་ཨིན་པས།
ང་བཅས་ཀྱི་ བཟོ་གྲྭ་ཁང་དེ་གིས་ གྱིབ་དམ་སྟོངམ་ཚུ་ལུ་ ཡུན་བརྟན་ཅན་གྱི་ གོ་ལ་འཐགསཔ་ཨིན་ཟེར་ཨིནམ་ད་ དེ་གིས་ གོ་ལ་ཚུ་ དར་ཁྱབ་སྦོམ་ར་སོང་སྟེ་ཡོད་ཟེར་ སཱན་ཐིལ་སཱན་ཀར་གྱིས་ བཤདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཨི་ཀོ་ལེན་འཕྲུལ་ཁང་ནང་ ཉིན་བསྟར་བཞིན་དུ་ གྱིབ་དམ་ཊོན་༣༠ དེ་རེ་ ལག་ལེན་འཐབ་ཨིན་ཟེར་ཨིནམ་ད་ སང་ཕོད་ལས་འབད་བ་ཅིན་ བཟོ་གྲྭ་ཁང་དེ་གིས་ ཐོན་སྐྱེད་ཚུ་ ལོག་ལྟབ་སྦེ་ ཡར་སེང་འབད་ནི་ཨིན་ཟེར་ཨིན་པས།
ཨི་ཀོ་ལེན་དེ་གིས་ ཡུན་ཐུབ་ཅན་གྱི་རྒྱུད་སྐུད་ ཚོས་གཞི་མ་འདྲཝ་ཚུ་ བཟོ་དོ་ཡོདཔ་ད་ བཟོ་བཀོད་ཚུ་འབད་བའི་སྐབས་ལུ་ ཆུ་ཚུ་ཡང་ ལངམ་སྦེ་དགོ་དོ་ཡོདཔ་ཨིན་པས།
གོ་ལ་གི་དོན་ལུ་ རྒྱུད་སྐུད་ཐོན་སྐྱེད་འབདཝ་ད་ ལོ་བསྟར་བཞིན་དུ་ བཟོ་གྲྭ་ཁང་ནང་ ཆུ་གེ་ལོན་ཐེར་འབུམ་༢༤༠ དེ་རེ་ དགོཔ་ཐོན་དོ་ཡོདཔ་ད་ གཞན་མིའི་ཐོག་ལས་ འབད་བའི་སྐབས་སུ་ ཆུ་དགོཔ་མེད་ཟེར་ཨིནམ་ད་ ཆུ་དགོ་མི་དེ་ གྱིབ་དམ་སྟོངམ་ཚུ་ ཆུ་བཤལ་ནི་གི་དོན་ལུ་ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
བཟོ་གྲྭ་ཁང་དེ་འགོབཙུགས་ཞིནམ་ལས་ གྱིབ་དམ་སྟོངམ་ཊོན་༡,༦༤,༢༥༠ ལག་ལེན་འཐབ་ཡོདཔ་ད་ སི་ཨོ་༢ འབད་མི་ཕྱགས་སྙིགས་ཊོན་༡༠,༦༠༠ ལག་ལེན་འཐབ་ཅི་ཟེར་ཨིན་པས།
འབྲུག་གཙང་སྦྲ་དང་ ཨི་ཀོ་ལེན་མཉམ་འབྲེལ་བ་གཉིས་ཀྱིས་ ལས་འགུལ་དེ་ གོ་རིམ་གཉིས་སྦེ་ འབད་ནིའི་འཆར་གཞི་ཡོདཔ་ད་ འགོ་བཙུགས་ཀྱི་སྐབས་ལུ་ འབྲུག་གཙང་སྦྲ་གིས་ ཟླ་རིམ་བཞིན་དུ་ གྱིམ་དམ་སྟོངམ་ཊོན་༢༠ རེ་ ཨི་ཀོ་ལེན་ལུ་སྤྲོད་ནི་དང་ དེ་གི་ཤུལ་ལས་ བཟོ་གྲྭ་དེ་གིས་ འབྲུག་པའི་ཚོང་འབྲེལ་དོན་ལུ་ རྒྱུད་སྐུད་ཚུ་བཟོ་ནི་ཨིན་ཟེར་ཨིན་པས།
ཐོན་སྐྱེད་དེ་གིས་ གོ་དང་ དཀྱི་ར་ཚུ་འཐགས་ནི་ཨིན་ཟེར་ སཱན་ཐིལ་སཱན་ཀར་གྱིས་ བཤད་པའི་ཁར་ དེ་གིས་ ནང་འཁོད་ཀྱི་ཨམ་སྲུ་ཚུ་ལུ་ ཚོང་ལམ་གསར་པའི་ གོ་སྐབས་བཏོནམ་ཨིན་ཟེར་ཨིན་པས།
གོ་རིམ་གཉིས་པའི་སྐབས་ལུ་ ཨི་ཀོ་ལེན་གྱིས་ འབྲུག་ལུ་འཕྲུལ་ཁང་དེ་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
འབྲུག་གཙང་སྦྲ་གིས་ གྱིབ་དམ་སྟོངམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠ རེ་སྤྲོད་དེ་ ཉོ་ནི་ཨིནམ་ད་ ལས་འགུལ་དེ་ལུ་བརྟེན་ མཐའ་འཁོར་གཙང་སྦྲ་དང་ བཙོག་རླུང་མར་ཕབ་འབད་ཚུགས་པའི་ མཁོ་གལ་ཡོད་ཟེར་ཨིནམ་ད་ འཕྲུལ་ཁང་དེ་ལུ་བརྟེན་ རྒྱལ་ཁབ་ནང་ ཁེ་ཕན་ཚུ་ ལེ་ཤ་ཅིག་ར་འབྱུང་ཚུགས་ཟེར་ དངོས་གྲུབ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།